ཨོ་ལོམ་པིཀསི་རྩེད་འགྲན་པ་ཚོས་པེ་ཅིང་དགུན་དུས་ཨོ་ལོམ་པིཀསི་འགྲན་སྡུར་ནང་མཉམ་ཞུགས་བྱ་རྒྱུ་མེད་པའི་འབོད་སྐུལ། ཨེ་ནིསི་ཀེན་ཊར་རང་དབང་།
ཨ་མི་རི་ཀའི་ NBA སིལ་སྤོལ་རྩེད་མཁན་ Enes Kanter རང་དབང་ལགས་ཀྱིས་འཛམ་གླིང་གི་ཨོ་ལོམ་པིཀསི་རྩེད་འགྲན་པ་ཚོས་པེ་ཅིང་གི་དགུན་དུས་ཀྱི་ཨོ་ལོམ་པིཀསི་འགྲན་སྡུར་ནང་མ་ཞུགས་པའི་ཐོག་ནས་ངོ་རྒོལ་བྱེད་དགོས་པའི་སྐོར། རེས་གཟའ་པ་སངས་ཉིན་དབྱིན་ཇིའི་ BBC གསར་འགྱུར་ལས་ཁང་གི་ལས་རིམ་ཞིག་གི་ཐོག་ལ་གསུངས་ཡོད་འདུག ཁོང་གིས་ད་དུང་། ད་ལྟ་ང་ཚོ་བཀའ་མོལ་ཞུ་བཞིན་པའི་དུས་སྐབས་འདིར་མི་རིགས་ཤིག་རྩ་མེད་བཟོ་དང་བཟོ་བཞིན་ཡོད་པས། རྩེད་འགྲན་པ་རྣམས་ཀྱིས་རང་རང་སོ་སོའི་སྡིངས་ཆ་དེ་འཛམ་གླིང་ཁྱོན་ཡོངས་ནང་རང་དབང་དང་འབྲེལ་བའི་ཉེས་པ་མེད་པའི་མི་རྣམས་ཀྱི་རེ་འབོད་ཐོག་བེད་སྤྱོད་གཏོང་རྒྱུ་དེ་གལ་གནད་ཆེན་པོ་ཆགས་ཡོད་ཅེས་གསུངས་འདུག
དེ་བཞིན་ཁོང་གིས་འཛམ་གླིང་གི་རྩེད་འགྲན་པ་ཙམ་མ་ཡིན་པར་གློག་བརྙན་འཁྲབ་སྟོན་པ་དང་གཞས་པ་གཞས་མ་རྣམས་ལ་སོ་སོའི་བསམ་ཚུལ་བཤད་རྒྱུའི་སྡིངས་ཆ་ཡོད་ནའང་ཚིག་གཅིག་མ་བཤད་པར་འཇིགས་སྣང་བྱེད་པའི་རྒྱུ་མཚན་ནི། རྒྱ་ནག་དང་འབྲེལ་བའི་དངུལ་ཧ་ཅང་གི་ཕོན་ཆེ་དང་ཚོང་གི་གནད་འགག་དང་དེ་མིན་ཁོང་ཚོའི་འགྲོ་གྲོན་རྒྱ་ནག་གཞུང་གིས་གཏོང་གི་ཡོད་པ་རེད་ཅེས་གསུངས་འདུག
ཨེ་ནིསི་ཀེན་ཊར་རང་དབང་ལགས་ཀྱིས་བར་སྐབས་ཤིག་ནས་སྡིངས་ཆ་མང་པོའི་ཐོག་ལ་བོད་ཀྱི་གནས་ཚུལ་གླེང་ཡོད་པ་དང་། བོད་ཀྱི་བདག་པོ་བོད་མི་ཡིན་པ་དང་། བོད་ལ་རང་དབང་རང་བཙན་དགོས་པའི་འབོད་སྒྲ་བསྟུད་མར་བསྒྲགས་ཡོད་པ་མ་ཟད།
ཤར་ཏུར་ཀིས་ཏན་དང་ལྷོ་སོག་པོ། ཧོང་ཀོང་དང་ཐེ་ཝན་མི་མང་གི་རང་དབང་གི་གནད་དོན་ཐོག་ལན་མང་གླེང་སློང་དང་རྒྱ་ནག་གཞུང་གིས་འཛིན་པའི་སྲིད་བྱུས་ཁག་གི་ཐོག་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག