རྫ་དབོན་པོ་ཁུལ་དུ་བོད་མི་སྐྱ་སེར་བརྒྱད་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་། རྫ་ཆུ་ཁ་རྫ་སྨད་དབོན་པོ་ཁུལ་དུ་འདི་ཚེས་༣ཉིན། དགེ་འདུན་པ་༦དང་བུད་མེད་གཉིས་བཅས་ཁྱོན་བོད་མི་བརྒྱད་ནག་ཉེས་གང་ཡིན་ཁ་གསལ་མེད་པར་འཛིན་བཟུང་བྱས་ཏེ་སེར་ཤུལ་རྫོང་ཐོག་ཏུ་བཀག་ཉར་བྱེད་བཞིན་ཡོད་ཅིང་། དེའི་སྐོར་བཙན་བྱོལ་ནང་ཡོད་པའི་བོད་མི་མཚན་འདོན་གནང་འདོད་མེད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་བོད་པའི་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཚན་ཉུང་དུ་བཏང་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་ན་ཡང་། བོད་ནང་གི་ཞིང་འབྲོག་མི་མང་ཚོས་སོ་སོའི་ཕ་སྐད་ལ་དོ་སྣང་སྤྲད་བཞིན་པའི་ཐོག་ཏུ། ད་དུང་དྭང་ལངས་ཀྱི་ཐོག་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་མང་པོ་ཡོད་པ་ལྟར། རྫ་དབོན་པོ་ཡུལ་དགོན་གཉིས་ནས་མང་ཚོགས་ལ་དྭང་ལངས་ཀྱི་ཐོག་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ལས་གཞི་འགྲོ་མུས་ཀྱི་ཐོག་ས་གནས་སུ་ཕ་སྐད་སྲུང་སྐྱོབ་ཚོགས་པ་ཞེས་པ་ཞིག་ཡོད་པ་དེའི་ཚོགས་མི་ཁག་ཅིག་ཀྱང་ཉེ་སྔོན་རྒྱ་མིའི་དམག་མིས་བོད་མི་འཛིན་བཟུང་བྱས་པའི་ཁོངས་སུ་ཡོད་པ་གནས་ཚུལ་ངོ་སྤྲོད་པས་མུ་མཐུད་འགྲེལ་བརྗོད་གནང་བྱུང་།
དབོན་པོ་ཁུལ་དུ་གནས་ཚུལ་བཤད་པ་ལྟར་ན་མ་འོངས་པར་རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་བོད་ཡིག་བོད་སྐད་ཉུང་ཏུ་བཏང་སྟེ་རིམ་པས་མེད་པ་བཟོ་རྒྱུ་མ་ཟད། ད་དུང་ཕ་སྐད་སྲུང་སྐྱོབ་དང་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱ་རྒྱུའི་ལས་འགུལ་སྤེལ་མཁན་ཚོར་དམ་དྲག་ཚོད་འཛིན་བྱ་རྒྱུ་ཡིན་པ་བརྗོད་བཞིན་ཡོད་པའི་འགྲེལ་བརྗོད་གནང་གི་འདུག
གཞིས་རྩའི་རྫ་དབོན་པོ་ཁུལ་དུ་ཉེ་ཆར་ཕྱི་ཟླ་་༨པའི་ཚེས་༢༢ཉིན་ནས་བཟུང་རྒྱ་མིའི་དམག་མི་འཕོན་ཆེ་རླངས་འཁོང་མང་པོའི་ནང་འབྱོར་ཏེ། དབོན་པོ་ཡུལ་དགོན་གཉིས་ཀྱི་བོད་མི་སེར་སྐྱ་མི་མང་གི་སྡོད་ཁང་བསྔོགས་བཤེར་གྱིས་༧གོང་ས་མཆོག་གི་སྐུ་པར་ཡོད་མིན་སོགས་ཀྱི་ཞིབ་འཇུག་བྱེད་པ་དང་། གཞན་ཡང་བོད་མི་ཚོས་ཁ་པར་ཐོག་ནས་ཕྱི་ཕྱོགས་དང་འབྲེལ་ལམ་གྱི་གནས་ཚུལ་བཏང་མིན་སོགས་ཀྱི་ཞིབ་འཇུག་བྱེད་པ་མ་ཟད། ད་དུང་སོ་སོས་ཆབ་སྲིད་དང་འབྲེལ་ནག་ཉེས་བྱས་ཡོད་མིན་དང་མ་འོངས་དེ་ལྟར་བྱ་རྒྱུ་མིན་པའི་ཁས་ལེན་བྱེད་བཅུག་པ་སོགས། རྫ་དབོན་པོ་ཡུལ་དགོན་གཉིས་ཀྱི་བོད་མི་སེར་སྐྱ་མི་མང་རྣམས་ལ་རྒྱ་ནག་གཞུང་གིས་དམ་དྲག་དྲག་གནོན་གྱིས་བསུན་གཙེར་བཟོས་ཏེ། ཉེ་ཆར་རྒྱ་མིའི་དམག་མིས་སྔ་རྗེས་བོད་མི་སེར་སྐྱ་མི་མང་༡༢༡འཛིན་བཟུང་བྱས་པའི་ཁྲོད་དེ་སྔོན་བོད་མི་སྐྱ་བོ་༢་གཉིས་དང་བུད་མེད་གཅིག་དང་དགེ་འདུན་གཅིག་བཅས་ཁྱོན་བོད་མི་སྐྱ་སེར་བཞི་གློད་གྲོལ་བཏང་བར་བརྟེན། ད་ལྟའི་ཆར་བོད་མི་སྐྱ་སེར་༡༡༧་སེར་ཤུལ་རྫོང་ཐོག་ཏུ་བཀག་ཉར་བྱེད་བཞིན་ཡོད་པ། གོང་ཞུས་གནས་ཚུལ་ངོ་སྤྲོད་པ་དེས་མུ་མཐུད་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།