རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་བའི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་ཐེངས་གསུམ་པ་དེ་ཐེ་ལེན་ཌར་འཚོགས་བཞིན་པ།

ཟླ་བ་འདིའི་ཕྱི་ཚེས་ ༢༠ ནས་ཟླ་ ༦ ཚེས་ ༣ བར་བདུན་ཕྲག་གཉིས་ཙམ་གྱི་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་འཛིན་པའི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་ཐེངས་གསུམ་པ་དེ་ཐེ་ལེན་ཌ་དུ་འཚོགས་བཞིན་ཡོད་པ་དང་། དེའི་ནང་བོད་པའི་གདན་ས་གྲྭ་ཚང་ཁག་ནས་དགེ་འདུན་ ༡༥ ལྷན་ཞུགས་ཀྱིས་ཐེ་ལེན་ཌ་ནང་ཡོད་པའི་ཝཌ་མ་ཡེ་ཡོང་དགོན་པ་གཙོས་དགོན་པ་ཁག་གཅིག་ལ་གནས་གཟིགས་ཕེབས་པ་དང་། དགེ་འདུན་པ་རྣམས་བསོད་སྙོམས་ལ་ཕེབས་རྒྱུ་དང་སྒོམ་ཉམས་བཞེས། ཞལ་འདོན་གསུང་རྒྱུ་སོགས་ཀྱི་ལས་རིམ་དུ་མ་ཞིག་གོ་སྒྲིག་གནང་ཡོད་པར་མ་ཟད་ལྷག་པར་དུ་ཝཌ་མ་ཡེ་ཡོང་དགོན་པར་ཉིན་བཞི་ཙམ་གྱི་རིང་དམ་ཆོས་འདུལ་བ་དང་འབྲེལ་བའི་གནད་དོན་འདྲ་མིན་གྱི་ཐོག་བགྲོ་གླེང་གནང་ཡོད་པ་རེད།
དགེ་བཤེས་བསྟན་པ་འཕགས་མཆོག་ལགས་ཀྱིས་བོད་པའི་གདན་ས་གྲྭ་ཚང་ཁག་གི་ནང་དགེ་འདུན་པ་ཞལ་གྲངས་མང་པོ་ཡོད་པ་ལྟར་ཐེ་ལེན་ཌ་ནང་དེ་ལྟར་མེད་པ་མ་ཟད་ནང་པའི་གཞུང་ཆེན་དག་ལ་སློབ་གཉེར་གཏིང་ཟབ་དེ་ཙམ་གནང་གི་མེད་པར་གསུངས་སོང་།
༧གོང་ས་མཆོག་གི་དགོངས་གཞི་ལྟར་ཐེ་ལེན་ཌ་མ་ཡི་ཡོང་དགོན་པའི་མཁན་པོ་དབུས་དགོན་སྡེ་ཁག་གི་ལས་སྣེ་རྣམ་པས་ལས་གཞི་དེ་གནད་ཆེར་ངོས་འཛིན་གྱིས་མཐུན་འགྱུར་རྒྱབ་སྐྱོར་གནང་བཞིན་ཡོད་པ་རེད། འདི་ཚེས་ ༢༨ ནས་ཟླ་བ་རྗེས་མའི་ཕྱི་ཚེས་ ༣ བར་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་ནང་མུ་མཐུད་ཐེ་ལེ་ཌ་ནང་ཡོད་པའི་དགོན་སྡེ་ཁག་ཏུ་གནས་གཟིགས་ཕེབས་རྒྱུ་དང་དེ་སྔོན་བགྲོ་གླེང་ཐོག་བྱུང་བའི་གནད་དོན་ཁག་གི་ཐོག་དོགས་འདྲི་བགྲོ་གླེང་གནང་རྒྱུ་སོགས་ཀྱི་ལས་རིམ་ཡོད་པ་རེད།
གསར་འགོད་པ། པད་མ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།