བོད་མིའི་ཤེས་ཡོན་མདུན་ལམ་ཚན་པའི་ལས་ཁུངས་དབུ་འབྱེད།
2010.09.01
༄༅༎ཉེ་ཆར་ཕྱི་ཟླ་༨ཚེས་༢༨རེས་གཟའ་སྤེན་པའི་ཉིན་རྒྱ་གར་ལྷོ་ཕྱོགས་མོན་གོ་འདོད་རྒུ་གླིང་གཞིས་ཆགས་སུ་ལྷོ་ཁུལ་བོད་མིའི་ཤེས་ཡོན་མདུན་ལམ་སློབ་སྟོན་ཚན་པའི་ལས་ཁུངས་གསར་པ་ཞིག་དབུ་འབྱེད་གནང་འདུག འདོད་རྒུ་གླིང་གཞིས་འགོ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གོང་ཞུས་ལས་ཁུངས་དེ་དབུ་འབྱེད་གནང་ཡོད་པ་དང༌། མཛད་སྒོའི་ཐོག་མོན་གྷོ་གཏན་སློབ་ཀྱི་རེག་ཊར་དང་། དགེ་ཆེ། གདན་ས་ཁག་གི་སློབ་གྲྭའི་འགན་འཛིན་དང་སློབ་སྤྱི་རྣམ་པ། གཞན་ཡང་བོད་གཞུང་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་གི་འགན་འཛིན་དང༌། གཞིས་ཆགས་ཀྱི་བརྒྱ་དཔོན་དང་ལས་ཁུངས་ཀྱི་ལས་བྱེད་བཅས་མཉམ་ཞུགས་གནང་ཡོད་པ་རེད། མཛད་སྒོའི་ཐོག་མར་མོན་གོ་གཏན་སློབ་ཀྱི་རེག་ཊར་སྐལ་བཟང་ཟླ་བ་ལགས་ཀྱིས་སློབ་གྲྭའི་ནང་སློབ་ཕྲུག་ཚོར་མདུན་ལམ་སློབ་སྟོན་བྱ་དགོས་གལ་ཆེ་ཡིན་པ་དང་། ཕ་མ་ཚོའི་ངོས་ནས་ཀྱང་སོ་སོའི་ཕྲུ་གུ་འཚར་ལོངས་ཡག་པོ་ཡོང་ཆེད་འགན་ཁུར་མཉམ་ལེན་དང་འབྲེལ། ལེགས་སྤེལ་ངན་འགོག་གི་ལམ་སྟོན་གནང་དགོས་པའི་སྐུལ་མ་གནང་བཞག དེ་རྗེས་མོན་གོ་ས་གནས་འགོ་འཛིན་གྱིས་གཞིས་ཆགས་མང་ཚོགས་ཀྱི་ཚབ་ཞུས་ཏེ་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ལ་བོད་སློབ་འཛིན་ཚོགས་ ཀྱི་སློབ་གྲྭ་མང་པོ་ཡོད་སའི་ལྷོ་ཕྱོགས་ཁུལ་ཤེས་ཡོན་མདུན་ལམ་སློབ་སྟོན་པའི་ཚན་པ་གསར་འཛུགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། ཤེས་ཡོན་གལ་ཆེ་ཡིན་སྐོར་གསུང་བཤད་གནང་འདུག།