བོད་མིའི་སྒྲིག་འཛུགས་གཙོས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་བོད་ནང་གི་དིང་རིའི་ས་ཡོམ་ལ་གདུང་སེམས་མཉམ་སྐྱེད་གནང་གི་འདུག
དེ་རིང་ཕྱི་ཚེས ༧ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༩་༥ སྟེང་། བོད་ནང་གི་དིང་རི་རྫོང་དུ་ས་ཡོམ་ཚད་རིམ་ ༧་༡་ཅན་ཞིག་བརྒྱབ་སྟེ། མི་རྒྱུ་གཉིས་ལ་གོད་ཆག་ཤུགས་ཆེར་བྱུང་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ས་འགུལ་ཁྲོད་ད་བར་མི་གྲངས་ ༡༢༨ རྐྱེན་འདས་དང་མི་གྲངས་ ༡༨༨ ལ་རྨས་སྐྱོན་བྱུང་ཡོད་པ་བཀོད་འདུག་ལ། བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་ཚོས་ས་ཡོམ་ཁྲོད་རྐྱེན་འདས་སུ་ཕྱིན་པ་ཚོར་གདུང་སེམས་མཉམ་སྐྱེད་གནང་གི་འདུག་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། ས་ཡོམ་གྱི་གནས་ཚུལ་དེ་རིང་སྔ་དྲོ་ནས་ཤེས་རྟོགས་བྱུང་སོང་བ་དང་། ང་ཚོས་ངོས་ནས་མུ་མཐུད་གནས་སྟངས་ག་འདྲ་བྱུང་མིན་ཐད་དོ་སྣང་བྱས་བསྡད་ཡོད་ལ། ས་ཡོམ་ཁྲོད་འདས་གྲོངས་སུ་ཕྱིན་པ་ཚོར་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་ལ། སང་ཉིན་བོད་མིའི་སྒྲིག་འཛུགས་ནས་བཞུགས་སྒར་གཙུག་ལག་ཁང་དུ། ས་ཡོམ་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པ་དང་གནོད་འཚེ་ཕོག་མཁན་ཚོའི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞུ་འཆར་ཡོད་ཅེས་གསུངས་སོང་།
དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ནས་ཀྱང་བོད་ནང་དུ་ས་ཡོམ་བྱུང་ནས་འདས་གྲོངས་སུ་ཕྱིན་པ་དང་གནོད་འཚེ་བྱུང་བ་རྣམས་ཀྱི་ཆེད་གདུང་སེམས་མཉམ་སྐྱེད་ཡོད་པ་དང་། རྐྱེན་འདས་སུ་ཕྱིན་པ་ཚོའི་ཆེད་དུ་འཕོ་བ་སྨོན་ལམ་བྱེད་རྒྱུ་དང་། བློ་ཕམ་བྱས་ཏེ་དམིགས་བསལ་ཕན་ཐོགས་མེད་པས་ཤི་བོ་རྣམས་ཀྱི་ཆེད་དུ་མུ་མཐུད་ནས་བསྔོ་བ་སྨོན་ལམ་གནང་རྒྱུ་ཡིན་པ་གསུངས་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་ནང་གི་འབྲེལ་ཡོད་ལ་མཐུད་ཐབས་བྱས་ཀྱང་མཐུད་ཐུབ་མ་སོང་ལ། རྒྱ་གར་ནང་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་ནས། ཐེངས་འདིར་ས་ཡོམ་ཁྲོད་ཤི་རྨས་ཤུགས་ཆེན་བྱུང་ས་མཚོ་སྒོ། མཚོ་ལྔ། གྲམ་མཚོ་སྡེ་བ་བཅས་ཡིན་པ་དང་། དེ་རིང་སྔ་དྲོ་ནང་ལ་འབྲེལ་བ་བྱེད་ཐུབ་སོང་བ་མ་ཟད། ནང་མི་ཚོ་བདེ་འཚམ་ཡིན་པ་ཤེས་རྟོགས་བྱུང་སོང་ན་ཡང་། ཉིན་གུང་ཙམ་ནས་ཁ་པར་ག་ཚོད་བཏང་ན་ཡང་ལེན་མཁན་མེད་སྐོར་འགྲེལ་བརྗོད་གནང་བྱུང་ལ། ཡང་བལ་ཡུལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་གཞན་ཞིག་ནས་ས་ཡོམ་བརྒྱབ་རྗེས། ཆུ་ཚོད་ ༣ ལྷག་རིང་རྒྱ་ནག་གི་འབྲེལ་ཡོད་རོགས་སྐྱོར་མི་སྣ་ས་གནས་སུ་ཡོང་མེད་པར་ལྷག་ཡོད་པ་དང་། མི་སྣ་ཤི་རྨས་ཀྱི་གྲངས་ཚད་ ༡༠༠ ལས་བརྒལ་རྒྱུ་ཡིན་པ་དང་། འབྲེལ་ཡོད་མང་པོས་དེ་རིང་སྔ་དྲོ་ནས་བོད་ནང་འབྲེལ་བ་བྱེད་སྐབས་ནང་མི་ཉེ་འབྲེལ་རྐྱེན་འདས་ཕྱིན་པ་མང་དག་ཅིག་ཡོང་གི་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཐེངས་འདིའི་ས་ཡོམ་གྱི་གནོད་འཚེ་དང་འབྲེལ། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་ནས་དིང་རིའི་ས་ཡོམ་ཐད་གནོད་སེལ་རྒུད་སྐྱོབ་མགྱོགས་མྱུར་དགོས་པ་དང་། དགུན་འཁྱག་ནང་མི་མང་ལ་གྲང་འཁྱག་དང་ལྟོག་སྐོམ་གྱི་དཀའ་ངལ་མི་ཡོང་བ་དགོས་སྐོར་སོགས་བརྗོད་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤེལ་འདུག་ལ། རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ས་ཡོམ་དང་འབྲེལ་བའི་བརྙན་སོགས་ཁྱབ་སྤེལ་ཤུགས་ཆེར་བྱེད་བཞིན་ཡོད་པ་ལས། བོད་མི་ཚོས་སྡོད་ཁང་བརྡིབས་པ་དང་གྱང་ཆག་ཏུ་ལུས་པའི་ཤུལ་དུ་ངུ་ངག་འདོན་བཞིན་པ་དང་། ས་འོག་ཏུ་བསྣན་པའི་མི་སྣ་སྐྱོབ་བཞིན་པ་སོགས་མཐོང་རྒྱུ་འདུག་ལ། བརྙན་ཞིག་གི་ནང་དུ་བོད་མི་ཞིག་ནས་ད་བྱེད་རྒྱུ་གང་ཡང་ལྷག་མ་སོང་། རྒྱལ་བ་རིན་པོ་ཆེས་མཁྱེན་ཞེས་གསོལ་འདེབས་བྱེད་བཞིན་པ་སོགས་མཐོང་རྒྱུ་འདུག་ལ། བོད་ནང་གི་སྤྱི་ཚོགས་དྲ་ལམ་དུ་བོད་མི་ཚོས་གདུང་སེམས་མཉམ་སྐྱེད་ཀྱི་ཡིག་རིགས་དང་པར་རིས་སྣ་ཚོགས་སྤེལ་བཞིན་པའི་ཁྲོད། བོད་མི་ཞིག་ནས་དིང་རི་ཤུགས་རྒྱོབས། ང་ཚོ་ནམ་ཡང་མཉམ་དུ་ཡོད་དང་། ཡང་གཞན་ཞིག་ནས་རིགས་གཅིག་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་ཞུ། ས་ཡོམ་གྱི་གོད་ཆག་ཞུ་རྗེས་དིང་རི་སྔར་བཞིན་གཟི་བརྗིད་ངང་གནས་དགོས་སོགས་བྲིས་འདུག
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཐེངས་འདིའི་ས་ཡོམ་ཁྲོད་སྡོད་ཁང་དང་དུད་ཚད་ ༡༠༠༠ ལྷག་ལ་བརྡིབ་སྐྱོན་བྱུང་བ། ས་ཡོམ་བྱུང་ཁུལ་དུ་བོད་རང་སྐྱོང་ལྗོངས་ངོས་ནས་མི་གྲངས་ ༡༩༨ དང་རླངས་འཁོར་ ༣༥ བཏང་སྟེ། རིམ་པ་གཉིས་པའི་རོགས་སྐྱོབ་མི་སྣ་བཏང་ཡོད་སྐོར་དང་། ས་ཡོམ་བྱུང་ཁུལ་ལྟེ་བ་ནས་སྤྱི་ལེ་ ༢༠ ཙམ་གྱི་ནང་། མི་གྲངས་ ༦༠༠༠ ལྷག་དང་གྲོང་ཚོ་དང་སྡེ་བ་ ༢༧ ཡོད་པ་མ་ཟད། མི་གྲངས་འདུ་འཛོམས་ཤུགས་ཆེན་ཡོད་སའི་ཁྲོམ་སྲང་དང་ཉོ་ཚོང་ལྟེ་གནས་ ༣ ཡོད་པ་དང་། ས་ཡོམ་དེ་བཞིན་བོད་ནང་གི་རྒྱལ་ས་ལྷ་ས་དང་། དེ་བཞིན་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་གྱི་མཐའ་མཚམས་ཁག་དང་རྒྱལ་ས་ཀ་ཐི་མན་ཊོ། རྒྱ་གར་གྱི་བྱང་ཤར་མངའ་སྡེའི་འབྲས་ལྗོངས་དང་། ཨ་སམ། ཨ་རི་ནཱ་ཅཱལ་མངའ་སྡེའི་ན་གྷ་ལན་ཊི་སོགས་ནས་འགུལ་ཚོར་བྱུང་ཡོད་པ་དང་། བལ་ཡུལ་པོག་ར་ནང་སྡོད་བོད་མི་ཀརྨ་ལགས་ནས་པོག་ར་ས་ཁུལ་དུ་ས་ཡོམ་འགུལ་ཚད་ཤུགས་ཆེན་པོ་བྱུང་སོང་ན་ཡང་། ད་ལྟའི་ཆར་དམིགས་བསལ་གནོད་སྐྱོན་རིགས་བྱུང་མེད་པ་མ་ཟད། པོག་ར་བོད་མིའི་གཞིས་སྒར་སོགས་ལ་གནོད་སྐྱོན་གང་ཡང་མེད་པར་བདེ་འཚམ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་ (USGS) ཀྱི་གནས་ཚུལ་ལྟར་ན། འདས་པའི་ལོ་ངོ་བརྒྱའི་རིང་། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡ ཚེས་ ༧ ཉིན་གྱི་ས་ཡོམ་བྱུང་སའི་མཐའ་སྐོར་གྱི་ཀི་ལོ་མི་ཊར་ ༢༥༠ ནང་ཚུན་ལ་ས་ཡོམ་ཤུགས་ཚད་ ༦ དང་དེ་ལས་མཐོ་བའི་ས་ཡོམ་ཐེངས་ ༡༠ བརྒྱབ་ཡོད་པ་བསྒྲགས་འདུག་ལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ནས། བོད་ཀྱི་ས་མཚམས་ཁུལ་དུ་ས་ཡོམ་བྱུང་དོན་གཙོ་བོ་བོད་མཐོ་སྒང་དེ་རྒྱ་གར་དང་ཧི་མ་ལ་ཡའི་གླིང་ཆེན་པོ་གཉིས་ཀྱི་མཐུད་མཚམས་ཀྱི་ས་ཚིགས་ཆགས་ཀྱི་ཡོད་པས་ཡིན་པ་དང་། བོད་དང་བལ་ཡུལ་ས་མཚམས་ནང་འདས་པའི་ལོ་རྒྱུས་ཁྲོད་ས་ཡོམ་མང་དག་ཅིག་བྱུང་ཡོད་པ་སོགས་ས་བབ་ཆ་ནས་ཡིན་པ་སོགས་འགྲེལ་བརྗོད་གནང་བྱུང་། ཡང་བོད་དོན་ཉམས་ཞིབ་པ་(Claude Arpi)ལགས་ནས། སྤྱིར་ཧི་མ་ལ་ཡའི་རི་རྒྱུད་དེ་བཞིན་ཚོར་སྣང་སྐྱེན་པའི་ས་གནས་ཡིན་སྟབས། རང་བྱུང་གོད་ཆག་མང་དག་ཅིག་བྱུང་ཁུལ་ཆགས་ཡོད་པས། ཐེངས་འདིའི་ས་ཡོམ་དང་འབྲེལ་རྒྱ་ནག་གཞུང་གིས་བོད་ནང་གི་གཙང་བོ་ཁག་ཏུ་ཆུ་རགས་གསར་རྒྱག་ལ་བསམ་བློ་གཉིས་པ་ཞིག་བཏང་དགོས་པ་ཆགས་ཡོད་སྐོར་བརྗོད་བྱུང་།
རྒྱ་ནག་གཞུང་འབྲེལ་ངོས་ནས་ཐེངས་འདིའི་ས་ཡོམ་བྱུང་ཁུལ་དུ་ས་ཡོམ་བྱུང་སའི་སྤྱི་ལེ་ ༥ ཡི་ནང་ཐང་རི་གྲོང་ཚོ་དང་། གཞོལ་བྲོད་གྲོང་ཚོ། དགའ་རེ་སྒོར་སྐྱིད་གྲོང་ཚོ། སྨོན་ཏོག་གྲོང་ཚོ་སོགས་ཡོད་པ་དང་། སྤྱི་ལེ་ ༢༠ ཡི་ནང་མཚོ་སྒོ་ཤང་དང་ཆུ་ལྷོ་ཤང་། གཏིང་སྐྱེས་རྫོང་བར་སྤྱི་ལེ་ ༣༤ དང་། ལྷ་རྩེ་རྫོང་བར་སྤྱི་ལེ་ ༦༧། ས་སྐྱ་རྫོང་བར་སྤྱི་ལེ་ ༧༡། ངམ་རིང་རྫོང་བར་སྤྱི་ལེ་ ༩༢། གཞིས་རྩེ་གྲོང་ཁྱེར་བར་སྤྱི་ལེ་ ༡༦༤ བཅས་ཡོད་པ་བཀོད་འདུག་ལ། ད་རེས་བོད་ནང་ས་ཡོམ་བྱུང་ཡུལ་དེའི་ཉེ་ཁུལ་དུ་འཁེལ་བའི་བལ་ཡུལ་གྱི་རྒྱལ་སའི་བྱང་ཕྱོགས་ས་ཁུལ་དུ་ཕྱི་ལོ་ ༢༠༡༥ ལོར་ས་ཡོམ་ཤུགས་ཚད་ ༧.༨ བརྒྱབ་སྟེ་སྐབས་དེར་མི་གྲངས་ ༩,༠༠༠ ཙམ་རྐྱེན་འདས་སུ་གྱུར་པ་དང་། མི་གྲངས་སྟོང་ཚོ་མང་པོར་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་རེད།།
གསར་འགོད་པ། བློ་བྷེ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་ནོར་འཛོམས།