བོད་ནང་གི་དིང་རི་གཙོས་ཉེ་འཁོར་ས་ཁུལ་ཁག་ནང་ས་ཡོམ་བྱུང་བའི་ཁྲོད་དགོན་པ་དང་སྒྲུབ་གནས་ཁག་ལ་གཏོར་སྐྱོན་ཤུགས་ཆེན་ཐེབས་ཡོད་འདུག

ཕྱི་ཟླ་ ༡ ཚེས་ ༧ ཉིན་བོད་ནང་གི་དིང་རི་གཙོས་ཉེ་འཁོར་ས་གནས་ཁག་ཏུ་ཚད་རིམ་ ༧.༡ ཅན་གྱི་ས་ཡོམ་བརྒྱབ་རྗེས། མི་སྣ་རྐྱེན་འདས་དང་སྡོད་ཁང་སོགས་གཏོར་སྐྱོན་ཤུགས་ཆེར་བྱུང་ཡོད་པ་བཞིན། ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་རིག་དངོས་ལས་ཁུངས་དང་གཞིས་ཀ་རྩེ་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཟེར་བ་སོགས་ནས། ས་ཡོམ་རྗེས་རིག་དངོས་གཏོར་སྐྱོན་སྐོར་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་འབྲེལ། ས་ཡོམ་ཁྲོད་རིག་དངོས་རྩ་ཆེན་ཁག་ལ་གཏོར་སྐྱོན་དམིགས་བསལ་བྱུང་མེད་སྐོར་བཀོད་འདུག་ན་ཡང་། བོད་ནང་གི་བོད་མི་གཉིས་དང་བཙན་བྱོལ་ནང་གི་འབྲེལ་ཡོད་བོད་མི་གསུམ་ནས་དིང་རིའི་ས་ཡོམ་ལྟེ་བའི་ས་ཁུལ་གྱི་དགོན་པ་ཁག་ལ་གཏོར་སྐྱོན་མ་བྱུང་བ་གཅིག་ཀྱང་མེད་པ་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་གྲམ་མཚོ་ཟེར་དཀར་དགོན་དང་མཚོ་ལྔ་ཆོས་སྡེ་དགོན། མཚོ་སྒོ་དགོན་སོགས་ལ་གཏོར་སྐྱོན་ཤུགས་ཆེར་ཐེབས་ཡོད་པ་མ་ཟད། ལྷ་རྩེ་དང་ས་སྐྱ། གཏིང་སྐྱེས་སོགས་ནས་དགོན་པ་ཁག་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་བྱུང་ཡོད་པ། འདི་ག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་ངོས་ནས་ཐེངས་འདིའི་ས་ཡོམ་ཁྲོད་རྫོང་རིམ་པའི་རིག་དངོས་དགོན་པ་གཉིས་ལ་གཏོར་ཤུགས་ཆེན་པོ་ཐེབས་ཡོད་སྐོར་ཙམ་ལས། བཀྲ་ཤིས་ལྷུན་པོ་དང་། གནས་བརྒྱ་བྲག་ཕུག ཞ་ལུ་དགོན། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་སོགས་ལ་གཏོར་སྐྱོན་མངོན་གསལ་དོད་པོ་ཕོག་མེད་སྐོར་དང་། ས་ཡོམ་བྱུང་ཁུལ་གྱི་དགོན་པ་གཞན་དག་ལ་གནས་ཚུལ་ཅི་བྱུང་སོགས་ཞིབ་ཕྲའི་གནས་ཚུལ་གསལ་སྟོན་གང་ཡང་བྱས་མེད་པ་དང་། གོང་ཞུས་བོད་ནང་གི་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། ས་ཡོམ་བྱུང་ཁུལ་ལྟེ་བའི་ས་ཁུལ་ཁག་ཏུ་ཡུལ་མིའི་ངོས་འཛིན་ཐུབ་པའི་དགོན་པ་དང་སྒྲུབ་གནས་སོགས་ཁྱོན་ ༤༠ ཙམ་ཡོད་པ་ལས། ཟེ་དཀར་དགོན་དང་ཆུ་ལྷོ་གྲོང་ཚོའི་བདེ་བ་ཅན་དགོན་པ། རྫོང་ཕྲུག་བཙུན་མའི་དགོན་བཅས་ཀྱི་འདུ་ཁང་ལ་གཏོར་སྐྱོན་ཤུགས་ཆེན་ཐེབས་ཏེ། ལྷ་རྟེན་སྐུ་གསུམ་སོགས་ལ་ཆག་སྐྱོན་ཤུགས་ཆེན་བྱུང་ཡོད་པ་དང་། དེ་མིན་གྲྭ་ཤག་ཕལ་ཆེ་བར་བརྡིབས་སྐྱོན་བྱུང་ཡོད་པ་དང་། རྫོང་ཕུག་བཙུན་དགོན་ནས་བཙུན་མ་གཉིས་རྐྱེན་འདས་ཕྱིན་ཡོད་པ་ལས། གཅིག་དེ་ཁང་པ་བརྡིབས་ནས་ས་འོག་ཏུ་ཤོར་རྗེས་ཉིན་དེའི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥་ཙམ་བར་སྐྱོབ་མ་ཐུབ་པས་རྐྱེན་འདས་ཕྱིན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ད་བར་ཡུལ་དེའི་ས་ཡོམ་ཁྲོད། ཚད་གཞི་མི་འདྲ་བའི་གཏོར་སྐྱོན་བྱུང་བའི་དགོན་པའི་གྲངས་ཐོའི་ཁྲོད། གྲམ་མཚོ་ཟེར་དཀར་ཆོས་སྡེ། དགོན་ཏ་ཕུག མཚོ་ལྔ་ཆོས་སྡེ། མཚོ་སྒོ་དགོན། ཆོས་ལུང་དགོན། བདག་ཕུག་དགོན། བཀྲ་ཤིས་འཛོམས་རུང་ཕུ་དགོན། ལྷ་རྩེ་རྫོང་མང་ཕུ་གྲོང་ཚོའི་ཆོས་གླིང་དགོན་བཅས་ཤེས་རྟོག་བྱུང་བ་ལས། ཟེ་དཀར་དགོན་ནི་དུས་རབས་ ༡༥ ནང་ཕྱག་བཏབ་པའི་དགོན་སྡེ་རྙིང་གྲས་ཤིག་ཡིན་པ་དང་། བོད་ནང་གི་འབྲེལ་ཡོད་ནས་མུ་མཐུད། ས་ཡོམ་བྱུང་ཁུལ་དང་ཐག་ཉེ་བའི་ལྷ་རྩེ་དང་ས་སྐྱ། གཏིང་སྐྱེས་སོགས་ཀྱི་ནང་དགོན་པ་ཁག་ལ་གཏོར་སྐྱོན་བྱུང་ཡོད་ན་ཡང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྐོར་ལ་དམ་དྲག་ཤུགས་ཆེན་བྱས་རྐྱེན། ཞིབ་ཕྲའི་གནས་ཚུལ་ཐད་རྒྱུས་ལོན་བྱེད་མི་བཅུག་སྐོར་འགྲེལ་བརྗོད་གནང་བྱུང་ལ། ཡང་ཕྱི་ཕྱོགས་སུ་གནས་སྡོད་ས་གནས་དང་འབྲེལ་ཡོད་བོད་མི་ཞིག་ནས་ས་ཡོམ་ཁྲོད། ལྷ་རྩེ་རྫོང་མང་ཕུ་གྲོང་ཚོའི་ཆོས་གླིང་དགོན་གྱི་འདུ་ཁང་ཕྱེད་ཀ་རྩ་ནས་གཏོར་སྐྱོན་ཐེབས་ཡོད་པ་དང་། དེ་མིན་དིང་རི་དང་ལྷ་རྩེ་སོགས་ནས་རི་མགོ་ཁུལ་དུ་དགོན་པ་ཆུང་ཆུང་མང་པོ་ཡོད་པས། སྤྱི་ཡོངས་ནས་དགོན་པ་ཁག་ལ་གཏོར་སྐྱོན་ཐེབས་ཚད་ཤུགས་ཆེན་པོ་གྲངས་ཚད་མཐོ་བོ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ད་ལྟའི་ཆར་དིང་རིའི་ས་ཡོམ་བྱུང་ནས་ཉིན་གྲངས་ ༩་འགྲོ་བཞིན་ཡོད་པས། ས་ཡོམ་བྱུང་ཁུལ་དུ་ད་དུང་ཡོམ་འཕྲོ་ཤུགས་ཆེན་བྱུང་གི་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ཁང་གིས་ད་བར་ཡོམ་འཕྲོ་ ༣༦༡༤ བྱུང་ཡོད་པ་དང་། ཤུགས་ཚད་ཆེ་ཤོས་ཕྱི་ཚེས་ ༡༣་ དགོང་མོ་བྱུང་བའི་ཚད་རིམ་ ༥ ཅན་ཡིན་པ་དང་། རྒྱ་ནག་གཞུང་གིས་ས་ཡོམ་རྗེས་སུ་གནོད་སེལ་རྒུད་སྐྱོབ་ཞེས་མི་མང་ལ་ལྕགས་ཤོག་གི་ཁང་པ་ཕུག་སྟེ། སྲིད་གཞུང་གིས་མི་མང་ལ་བདེ་འཇགས་སྐྲུན་ཡོད་པའི་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་ན་ཡང་། ད་བར་ས་ཡོམ་ཁྲོད་རྐྱེན་འདས་ཕྱིན་པའི་ཁ་གྲངས་དང་ས་ཡོམ་གྱི་དོན་དངོས་གནས་ཚུལ་ཐད་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་མ་ཟད། ཕྱི་ཚེས་ ༡༣ ཉིན་ས་ཡོམ་བྱུང་ཁུལ་ཡུལ་མི་ཞིག་ནས་ས་ཡོམ་དང་འབྲེལ་བའི་དོན་དངོས་བཤད་ན་དམ་དྲག་བྱས་ཡོང་གི་འདུག་པས། ད་ནས་བཟུང་ལ་ང་ལ་ས་ཡོམ་སྐོར་གྱི་གནས་ཚུལ་དྲིས་ན་བཤད་ཐབས་མེད་སྐོར་སོགས་བརྗོད་བཞིན་པ་མཐོང་རྒྱུ་འདུག་ལ། གཞན་ཡང་རྒྱ་ནག་གཞུང་གིས་ཡུལ་ཚོ་རེ་རེ་བྱས་ཏེ་ས་ཡོམ་སྐོར་གྱི་གནས་ཚུལ་སྤྱི་ཚོགས་དྲ་ལམ་དུ་གཏོང་མི་ཆོག་པའི་བཙན་ཐབས་དང་། ས་ཡོམ་བྱུང་ཁུལ་དུ་ཡོང་མཁན་ཚོར་ཉེན་རྟོག་པས་སྐོར་སྲུང་འོག་དྲ་ལམ་ཐད་གཏོང་སོགས་བྱེད་མི་ཆོག་པའི་བཀོད་ཁྱབ་དང་། དྲ་ལམ་ཁག་ཏུ་བོད་མི་ཚོས་གཏོང་བཞིན་པའི་པར་བརྙན་སོགས་ནག་བསུབ་བཏང་སྟེ་མཐོང་མི་ཐུབ་པ་བཟོ་བཞིན་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།