འབར་ཁམས་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་བོད་མི་ཚོ་རོགས་སྐྱོར་ཆེད་ཡོང་རྒྱུ་བཀག་འགོག་བྱེད་ཀྱི་འདུག་ཟེར།

ཕྱི་ཟླ་དྲུག་པའི་ཚེས་༡༠ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་ཕྱོགས་སུ་འགུལ་ཚད་རིམ་པ་དྲུག་དང་ཟབ་ཚད་སྨི་ཁྲི་གཅིག་ཡིན་པའི་ས་འགུལ་རྒྱབ་པའི་རྗེས། འབར་ཁམས་རྒྱལ་རོང་ཚོ་བདུན་དང་། སྣ་སྡེ། ཁོ་ལ་གྱང་། རི་སྤུ་སོགས་གནོད་ཐེབས་ས་ཁུལ་དུ། ས་གནས་གཞན་གྱི་དགོན་སྡེ་དང་གྲོང་སྡེའི་བོད་མི་ཚོས། ཟ་མ་དང་གྱོས་ཆས་རས་གུས་སོགས་ཀྱི་སྐྱེལ་ནས་དུས་ཐོག་ལ་རོགས་རམ་བྱས་ཡོད་ཀྱང་། ས་འགུལ་བྱུང་ནས་ཉིན་གསུམ་ཀྱི་རྗེས་གཞི་ནས་སྤྱི་ཚེས་༡༣ཉིན་རྒྱ་ནག་གི་མྱུར་སྐྱོབ་རུ་ཁག་དང་རོགས་རམ་བྱེད་མཁན་འབྱོར་ཡོད་པ་དང་། ཁོང་ཚོས་རོགས་སྐྱོར་དང་མཉམ་ས་གནས་གཞན་གྱི་བོད་མི་རོགས་སྐྱོར་བྱེད་མཁན་ཚོ་ཡོང་རྒྱུར་བཀག་འགོག་བྱེད་བཞིན་པ་དང་། ཟ་མ་དང་ཅ་དངོས་སོགས་ཀྱི་རོགས་རམ་ཡོད་པ་ས་གནས་སུ་ཡོད་པའི་རྒྱ་ནག་གཞུང་གི་ལས་བྱེད་ཚོ་ལ་སྤྲོད་དགོས་པའི་བཀའ་བཏང་ཡོད་པ་བཙན་བྱོལ་དུ་ཡོད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་དེའི་ཐད་བོད་ནང་གི་ས་གནས་བོད་མི་ཞིག་གིས་གསུངས་ན། རྒྱ་ནག་གི་རོགས་སྐྱོར་མི་སྣ་འབྱོར་རྗེས་རྒྱ་ནག་གི་རོགས་སྐྱོར་བྱེད་མཁན་ཚོས་ས་གནས་ཀྱི་བོད་མི་ཚོར་བདེ་འཇགས་ཆེད་རང་ས་ནས་སྡོད་དགོས་པ་དང་། རོགས་རམ་ལས་དོན་གཞུང་གི་རོགས་སྐྱོར་མི་སྣས་བྱེད་རྒྱུ་ཡིན་པ་བཤད་ནས་ས་གནས་གཞན་ནས་བོད་མི་རོགས་རམ་ཆེད་ཡོང་མཁན་ཚོ་བཀག་འགོག་བྱེད་བཞིན་ཡོད་འདུག འོན་ཀྱང་ས་འགུལ་བྱུང་མ་ཐག་བོད་མི་ཚོས་དུས་ཐོག་རོགས་རམ་བྱས་པ་དེས་གནོད་ཐེབས་ས་ཁུལ་ལ་ཕན་ཐོགས་ཆེན་པོ་བྱུང་བ་འགྲེལ་བརྗོད་གནང་བྱུང་།
དེ་སྔ་ཕྱི་ལོ་༢༠༡༤ལོའི་ཕྱི་ཟླ་༤པའི་ཚེས་༡༤ཉིན། སྐྱེ་རྒུ་མདོར་འགུལ་ཚད་རིམ་པ་བདུན་ཡན་གྱི་ས་འགུལ་བྱུང་ནས་མི་གྲངས་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་སྐབས། རྒྱ་ནག་གི་མྱུར་སྐྱོབ་རོགས་རམ་བྱེད་མཁན་མ་འབྱོར་གོང་བོད་ནང་གི་དགེ་འདུན་པ་གཙོས་བོད་མི་ཚོས་དུས་ཐོག་མྱུར་སྐྱོབ་རོགས་རམ་བྱས་ནས་མི་མང་པོའི་ཚེ་སྲོག་སྐྱོབ་ཐུབ་པ་བྱུང་བ་སོགས་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད།
གསར་འགོད་པ། ཇོ་ལེབ་ཆོས་འཕེལ། ཀླུ་འབུམ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།