འབར་ཁམས་ས་འགུལ་གྱི་གནོད་ཐེབས་ས་ཁུལ་སྡུག་ཤོས་སར་ཉིན་གྲངས་གསུམ་རིང་རོགས་སྐྱོར་མི་སྣ་འབྱོར་མི་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འདྲ་པར་དང་བཅས་གནས་ཚུལ་འབྱོར་བ་ལྟར་ན། ཟླ་དྲུག་པའི་ཚེས་༡༠ཉིན་གྱི་ནམ་གུང་ཆུ་ཚོད་༡༢དང་སྐར་མ་གསུམ་གྱི་ཐོག་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་ཕྱོགས་སུ་འགུལ་ཚད་རིམ་པ་དྲུག་དང་ཟབ་ཚད་སྨི་ཁྲི་གཅིག་ཡིན་པའི་ས་འགུལ་རྒྱབ་རྗེས། འབར་ཁམས་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་ལྷ་ཁང་གསེར་ཁང་དང་། མཆོད་རྟེན། གྲྭ་ཤག་བཅས་ལ་གཏོར་སྐྱོན་ཐེབས་ནས་སྡོད་ས་མེད་པར་གྱུར་བ་དང་། དེ་བཞིན་ལྷ་སྡེ་ཚོ་བདུན་ཡུལ་ཚོའི་གྲོང་ཚོ་མང་པོའི་ཁང་པར་གཏོར་སྐྱོན་ཐེབས་ནས་ས་གནས་ཡུལ་མི་མང་པོ་སྡོད་གནས་མེད་པར་གུར་ནང་སྤོར་དགོས་བྱུང་ཡོད་པ་དང་། ཚོ་བདུན་ཕྱོགས་སུ་སྤྱི་ཚེས་༡༢བར་གཞུང་ཕྱོགས་ནས་མྱུར་སྐྱོབ་དང་རོགས་སྐྱོར་བྱེད་མཁན་མ་འབྱོར་བར་བརྟེན་དགོན་པའི་དགེ་འདུན་པ་དང་ས་གནས་མི་མང་གིས་ཕན་ཚུན་རོགས་རམ་བྱས་བ་བརྒྱུད་ཉེན་ཁ་ཡོད་པ་དང་སྡོད་གནས་མེད་མཁན་རྣམས་རས་གུར་ནང་གནས་སྤོར་ཡོད་པ་དང་། སྤྱི་ཚེས་༡༣ཉིན་གཞི་ནས་ས་གནས་རྒྱ་ནག་གི་རོགས་སྐྱོར་མི་སྣ་འབྱོར་ནས་ད་ལྟ་རོགས་རམ་བྱེད་བཞིན་པ་བརྗོད་བྱུང་།
ཡང་ས་གནས་ཡུལ་གཞན་ཞིག་གིས་བརྗོད་ན། ད་ཐེངས་ས་ཡོམ་གྱི་གནོད་འཚེ་ཕོག་ས་གཙོ་བོ་འབར་ཁམས་ཕྱོགས་ཀྱི་རྒྱལ་རོང་ཚོ་བདུན་དང་། རི་སྤུ། བཀྲ་ཤིས་རི་སྒང། སྣ་སྡེ། ཁོ་ལ་གྱང་བཅས་ཡིན་པ་དང་། ས་གནས་དེ་དག་གི་ཁང་པ་མང་པོ་ཡོངས་སུ་རྡིབ་པ་དང་། མང་པོར་སེར་ཀ་གས་ནས་སྡོད་ཐབས་མེད་པར་གྱུར་བ། རི་ཉིལ་ནས་གཞུང་ལམ་འགག་པ་དང་གློག་ཆད་པ་སོགས་ཀྱི་དཀའ་ངལ་འཕྲད་ཡོད་པ་དང་། ས་འགུལ་ཁྲོད་མི་ཁ་ཤས་ལ་རྨས་སྐྱོན་ཕོག་པ་ལས་མིའི་ཚེ་སྲོག་ཤོར་བའི་གནས་ཚུལ་གོ་ཐོས་མེད་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གི་གསར་འགྱུར་ནང་། སྐབས་ཐོག་འབར་ཁམས་ས་འགུལ་ཁྲོད་མྱུར་སྐྱོབ་མི་སྣ་བཏང་ཡོད་པའི་གནས་ཚུལ་ཙམ་ལས། མི་སྣ་ཤི་རྨས་དང་ཁང་པ་གཏོར་སྐྱོན་ཐེབས་ཡོད་མེད་སོགས་གནས་ཚུལ་བཀོད་མེད་པ་དང་། ཉིན་གཉིས་ཀྱི་རྗེས་མི་གྲངས་བཞི་བ་རྨས་སྐྱོན་ཕོག་ཡོད་པ་བཀོད་འདུག
དེ་སྔ་༢༠༢༡ལོར་མགོ་ལོག་ཁུལ་རྨ་སྟོད་རྫོང་དང་། ༢༠༢༢་ལོར་མཚོ་བྱང་ཁུལ་སེམས་ཉིད་རྒྱ་མདོ་རྫོང་བཅས་སུ་འགུལ་ཚད་རིམ་པ་འདྲ་མིན་གྱི་ས་ཡོམ་རྒྱབ་སྐབས། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་གནས་ཚུལ་ཁ་གསལ་བསྒྲགས་མེད་ཀྱང་། རྗེས་སུ་རྨ་སྟོད་ས་ཡོམ་ཁྲོད་མི་སྣ་ཤི་རྨས་ཀྱི་གྲངས་འབོར་འཕར་བའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།