བལ་ཡུལ་ནང་ས་ཡོམ་འགུལ་ཚད་ ༥་༥ བརྒྱབ་འདུག་ནའང་། ད་ལྟའི་ཆར་མི་སྐྱོན་བྱུང་བའི་གནས་ཚུལ་ཐོན་མི་འདུག
ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༢:༥༡ ཐོག་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་ནས་རྒྱང་ཐང་ཀི་ལོ་མི་ཊར་ ༦༥ སར་ཆགས་པའི་བལ་བོད་ས་མཚམས་སིན་དུ་པལ་ཅོག་རྫོང་དུ་ཨ་མི་རི་ཀའི་ (USGS) ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་ལྟར་ན། ས་ཡོམ་འགུལ་ཚད་ ༥.༥ བརྒྱབ་འདུག་ཅིང་། དེའི་འགུལ་ཤུགས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་དང་། རྒྱ་གར་ནང་བྷི་ཧར་མངའ་སྡེ་དང་། ནུབ་བྷང་གལ་གྱི་ཤི་ལི་གུ་རི་ཕྱོགས་སུའང་སླེབས་འདུག་ནའང་། ད་ལྟའི་ཆར་མི་འཆི་སྐྱོན་དང་། རྒྱུ་ཟོག་ལ་གནོད་སྐྱོན་ཚབས་ཆེ་བྱུང་བའི་གནས་ཚུལ་ཐོན་མི་འདུག
དེ་ཡང་བལ་བོད་ས་མཚམས་སིན་དུ་པལ་ཅོག་(Sindhupalchok)རྫོང་གི་བྷ་ཡི་རབ་ཀུན་ཊ་ (Bhairab Kunda) ཞེས་པའི་ས་གནས་དེ་ཉིད་ས་འགུལ་བསྟི་གནས་གཙོ་བོ་དེ་ཆགས་ཀྱི་འདུག་ཅིང་། ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོའི་ས་འགུལ་དེའི་འགུལ་ཤུགས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་དུ་ཚོར་ཡོད་པ་བལ་ཡུལ་མཆོད་རྟེན་ཉེ་འཁོར་གནས་སྡོད་ལྷག་པ་ཚེ་རིང་ལགས་ནས་འགྲེལ་བརྗོད་གནང་དོན་ལ། དེ་རིང་བོད་ཟླ་དང་པོའི་ཚེས་གཅིག་གི་སྔ་དྲོ་ཆུ་ཚོད་ ༢ཿ ༥༠ ཙམ་ལ་ས་ཡོམ་ཤུགས་ཆེན་པོ་བརྒྱབ་སྟེ་ཁོང་རང་དངངས་འཚབ་སྐྱེས་ཏེ་བྲོས་དགོས་བསམ་པ་བྱུང་། འོན་ཀྱང་ས་ཡོམ་རྐྱེན་པས་མི་རྒྱུ་ལ་གནོད་སྐྱོན་ཚབས་ཆེ་བྱུང་མེད་པ་འདྲ་ཞེས་གསུང་གི་འདུག
གཞན་ཡང་བལ་ཡུལ་གནས་སྡོད་ཐུབ་བསྟན་རབ་རྒྱས་ལགས་དང་། དབྱངས་སྒྲོན་ལགས། བློ་བཟང་ཆོས་འཕེལ་ལགས་གསུམ་ནས་ཀྱང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བར་གཞིག་ན། ཞོགས་པ་སྔ་པོ་ཆུ་ཚོད་ ༢: ༥༠་ཙམ་ལ་ས་ཡོམ་བརྒྱབ་སྟེ་གཉིད་དཀྲོག་སོང་ནའང་། རྗེས་སུ་འཇགས་ནས་སྐྱོན་ཆེན་པོ་བྱུང་མེད་པ་འགྲེལ་བརྗོད་གནང་གི་འདུག
དེ་མཚུངས་ཁ་སང་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་གྱི་ས་གནས་ཀྱི་དགོང་དྲོ་ཆུ་ཚོད་ ༥.༡༨ ཐོག་ས་ཡོམ་འགུལ་ཚད་ ༣.༢ ཅན་ཞིག་བོད་ཀྱི་ཀོང་པོ་ཉིང་ཁྲི་གྲོང་ཁྱེར་གྱི་རྫ་ཡུལ་རྫོང་གི་ཉེ་འདབས་སུ་བརྒྱབ་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག་ཅིང་། བོད་ཀོང་པོ་ཉིང་ཁྲི་ས་གནས་སུ་ས་ཡོམ་བྱུང་སའི་ས་ཁུལ་རྫ་ཡུལ་རྫོང་གི་ལྷོ་ནུབ་ས་ཁུལ་དུ་མེ་ཏོག་རྫོང་འཁེལ་གྱི་ཡོད་ཅིང་། ས་གནས་དེ་ནི་རྒྱ་ནག་གཞུང་གིས་བོད་མཐོ་སྒང་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་འཛམ་གླིང་གི་ཆུ་རགས་ཆེ་ཤོས་ཞིག་རྒྱག་འཆར་ཡོད་པའི་ས་ཚིགས་དེ་འཁེལ་གྱི་ཡོད་པ་རེད།
གཞི་རྩའི་བལ་ཡུལ་ཐེ་བའི་ཧི་མ་ལ་ཡའི་རྒྱུད་དེ་ས་ཡོམ་བྱུང་ཉེན་ཆེ་བའི་ས་ཁུལ་དུ་ངོས་འཛིན་བྱེད་ཀྱི་ཡོད་ལ། ཉེ་ལམ་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་བལ་ཡུལ་དང་ས་ཐག་ཉེ་བའི་བོད་དིང་རི་ས་ཁུལ་དུ་ས་ཡོམ་འགུལ་ཚད་ ༧.༡ ཅན་ཞིག་བརྒྱབ་སྟེ། མི་སྣ་རྐྱེན་འདས་དང་སྡོད་ཁང་བརྡིབས་སྐྱོན་སོགས་མི་རྒྱུ་གཉིས་ལ་གྱོང་གུད་ཤུགས་ཆེན་པོ་ཕོག་ཡོད་ལ། མ་ཟད་དེ་སྔོན་ཕྱི་ལོ་ ༢༠༡༥ ཟླ་བ་ ༠༤ ཚེས་ ༢༥ ཉིན་བལ་ཡུལ་ནང་ས་ཡོམ་འགུལ་ཚད་ ༧་༨ བརྒྱབ་སྟེ་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་པ་རེད། །
***འབྲེལ་ཡོད་གནས་ཚུལ། བོད་ཀོང་པོ་ཉིང་ཁྲི་ས་ཁུལ་དང་བལ་ཡུལ་གྱི་ཀོ་ཌ་རི་གྲོང་གསེབ་ཀྱི་ཉེ་འཁྲིས་ས་ཁུལ་དུ་ས་ཡོམ་བརྒྱབ་འདུག
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།