བོད་ཀོང་པོ་ཉིང་ཁྲི་ས་ཁུལ་དང་བལ་ཡུལ་གྱི་ཀོ་ཌ་རི་གྲོང་གསེབ་ཀྱི་ཉེ་འཁྲིས་ས་ཁུལ་དུ་ས་ཡོམ་བརྒྱབ་འདུག
ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༢༨ རེས་གཟའ་པ་སངས་ཉིན་གྱི་ས་གནས་ཀྱི་སྔ་དྲོ་ཆུ་ཚོད་ ༢.༥༡ ཐོག་བལ་ཡུལ་གྱི་ཀོ་ཌ་རི་གྲོང་གསེབ་ཉེ་འགྲམ་ས་ཁུལ་དུ་ས་ཡོམ་འགུལ་ཚད་ ༥.༥ བརྒྱབ་ཡོད་ཅིང་། འདི་ནི་བོད་དང་བལ་ཡུལ་དབར་གྱི་ས་མཚམས་བརྒྱུད་འགྲིམ་འགྲུལ་བྱེད་སའི་འགྲུལ་ལམ་འཁེལ་བའི་ས་ཚིགས་གལ་གནད་ཅན་ཞིག་ཆགས་ཀྱི་ཡོད་པ་རེད།
ཨ་མི་རི་ཀའི་ས་གཞི་དཔྱད་རིག་སྡེ་ཚན་ (USGS) གྱི་ས་ཡོམ་ཞིབ་བཤེར་གྲངས་ཐོ་ལྟར་ན། ས་ཡོམ་རྒྱབ་སའི་བསྟི་གནས་གཙོ་བོ་འདི་བལ་ཡུལ་ཀོ་ཌ་རི་གྲོང་གསེབ་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༡༤ ཙམ་གྱི་སར་འཁེལ་གྱི་ཡོད་པ་རེད།
དེ་མཚུངས་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་གྱི་ས་གནས་ཀྱི་དགོང་དྲོ་ཆུ་ཚོད་ ༥.༡༨ ཐོག་ས་ཡོམ་གྱི་འགུལ་ཤུགས་ཅུང་ཆུང་བ་ཞིག་སྟེ་འགུལ་ཚད་ ༣.༢ ཅན་བོད་ཀྱི་ཀོང་པོ་ཉིང་ཁྲི་གྲོང་ཁྱེར་གྱི་རྫ་ཡུལ་རྫོང་གི་ཉེ་འདབས་སུ་བརྒྱབ་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱི་གནས་ཚུལ་སྤེལ་འདུག
བོད་ཀོང་པོ་ཉིང་ཁྲི་ས་གནས་སུ་ས་ཡོམ་བྱུང་སའི་ས་ཁུལ་རྫ་ཡུལ་རྫོང་གི་ལྷོ་ནུབ་ས་ཁུལ་དུ་མེ་ཏོག་རྫོང་འཁེལ་གྱི་ཡོད་ཅིང་། ས་གནས་དེ་ནི་རྒྱ་ནག་གཞུང་གིས་བོད་མཐོ་སྒང་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་འཛམ་གླིང་གི་ཆུ་རགས་ཆེ་ཤོས་ཞིག་རྒྱག་འཆར་ཡོད་པའི་ས་ཚིགས་དེ་འཁེལ་གྱི་ཡོད་པ་རེད།
ས་ཡོམ་རྐྱེན་གྱིས་བོད་དང་བལ་ཡུལ་བཅས་སུ་མི་རྒྱུ་བཅས་པར་དོ་ཕོག་དང་སྐྱོན་ཆགས་ཇི་བྱུང་སོགས་ད་ལྟའི་ཆར་གནས་ཚུལ་ཞིབ་ཁྲ་རྒྱུས་ལོན་ཐུབ་ཀྱི་འདུག་པས། རྩད་ཞིབ་ཞུ་མུས་ཡིན།།
གསར་འགོད་པ། བསྟན་འཛིན་པདྨ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ་དང་དྲྭ་ཐོག་སྤེལ་མཁན། བཀྲིས་དབང་ཕྱུག