རྒྱ་ནག་གི་ཀན་སུའུ་ལིན་ཤཱ་ཁུལ་དུ་ས་ཡོམ་འགུལ་ཚད་༦.༢བརྒྱབ་འདུག
རྒྱ་ནག་གི་ཀན་སུའུ་ཞིང་ཆེན་ལིན་ཤཱ་ཁུལ་གྱི་ཇི་ཧྲི་ཧྲན་རྫོང་ཁུལ་དུ་ས་ཡོམ་འགུལ་ཚད་རིམ་པ་༦.༢ཅན་ཞིག་བརྒྱབ་སྟེ་མི་༡༡༡འདས་གྲོངས་སུ་ཕྱིན་འདུག ས་ཡོམ་འདི་ཁ་སང་ཕྱི་ཟླ་ ༡༢ ཚེས་ ༡༨ ཀྱི་མཚན་མོ་ཀན་སུའུ་ཞིང་ཆེན་ལིན་ཤཱ་ཁུལ་གྱི་ཇི་ཧྲི་ཧྲན་རྫོང་ཁུལ་དུ་བརྒྱབ་འདུག་ཅིང་། མཚོ་སྔོན་ཁུལ་ལ་ཡང་ས་ཡོམ་གྱི་ཤུགས་རྐྱེན་བྱུང་འདུག ཤིན་ཧྭ་གསར་ལས་ཁང་གིས་རྒྱ་ནག་ས་ཡོམ་དྲ་འབྲེལ་ལྟེ་གནས་ཁང་གིས་གནས་ཚུལ་ཁྱབ་སྤེལ་བྱས་པ་ལུང་འདྲེན་བྱས་པར་ལྟར་ན། དེ་རིང་ཕྱི་ཚེས་ ༡༩ ཉིན་གནས་ཚུལ་སྤེལ་བར། ད་བར་མི་གྲངས་ ༡༡༡ ཙམ་རྐྱེན་འདས་སུ་ཕྱིན་འདུག ཀན་སུའུ་ཞིང་ཆེན་ཁུལ་གྱི་བོད་མི་གནས་ཡུལ་གྱི་ས་གནས་ཁག་ཏུ་ས་ཡོམ་གྱི་གོད་ཆགས་བྱུང་མིན་ད་བར་གནས་ཚུལ་གསལ་རྟོགས་མི་འདུག་ལ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བརྩད་གཅོད་བྱེད་མུས་ཡིན།
རྒྱ་ནག་གཞུང་འབྲེལ་གྱི་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ས་ཡོམ་བྱུང་ཡུལ་གྱི་ས་ཁུལ་ཁག་ཏུ་ཆུ་དང་གློག འགྲིམ་འགྲུལ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་ཁག་ཅིག་ལ་གཏོར་སྐྱོན་ཕོག་ཡོད་འདུག་ལ། ཡང་མཚོ་སྔོན་གྱི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་༡༩ ཡི་སྔ་དྲོ་ཆུ་ཚོད་༤བར་དུ་ས་ཡོམ་དབང་གིས་མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་གྲོང་ཁྱེར་གྱི་མི་༩རྐྱེན་ལམ་དུ་སོང་ཡོད་པ་བཀོད་འདུག་ལ། ཡང་མི་༢༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་བཀོད་འདུག རྨིན་ཧུའུ་རྫོང་དང་ཞིན་ཧྭ་རྫོང་། དཔའ་ལུང་རྫོང་སོགས་ས་ཆའི་ཁང་པ་ཁ་ཤས་བརྡིབས་པ་དང་། ས་གནས་ཀྱི་གློག་ཤུགས་གློག་སྐུད་དང་འཕྲིན་འབྲེལ་དྲ་ལམ་ཁག་ལ་གཏོར་སྐྱོན་བྱུང་ཡོད་པ་བཀོད་འདུག
མཚོ་སྔོན་གྱི་གཞུང་འབྲེལ་གསར་ལམ་དེས་གནས་ཚུལ་བཀོད་པའི་ནང་ས་གནས་གཞུང་གིས་གློག་སྐུད་དང་འཕྲིན་འབྲེལ་དྲ་རྒྱ་ཞིག་གསོ་བྱེད་བཞིན་ཡོད་འདུག་ཅིང་། ཛ་དྲག་མྱུར་སྐྱོབ་དང་གནོད་ཚུལ་དཔྱད་ཞིབ་ལས་དོན་དངོས་སུ་སྒྲུབ་བཞིན་ཡོད་པའི་སྐོར་བཀོད་པ་ལས་ཞིབ་ཕྲའི་གནས་ཚུལ་མི་འདུག ད་རེས་ས་ཡོམ་གྱི་གནོད་འཚེ་བྱུང་ཡུལ་ནས་བོད་ཀྱི་མདོ་སྨད་ཁུལ་གྱི་ས་ཆ་ཁ་ཤས་ཤིག་དང་རྒྱང་ཐག་ཉེ་ཙམ་ཆགས་ཡོད་པ་རེད།
གསར་འགོད་པ། སྒྲོལ་དཀར།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།