བོད་ཀྱི་མདོ་སྨད་ཁུལ་དུ་ས་ཡོམ་བརྒྱབས་ཡོད་པའི་གནས་ཚུལ།
2008.11.10
༄༅༎བོད་ཀྱི་མདོ་སྨད་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་ཧའེ་ཤི་ཟེར་བའི་མངའ་ཁུལ་ནང་གཟའ་ཟླ་བའི་སྔ་དྲོ་ཚོུད་དགུ་དང་སྐར་མ་ཉི་ཤུ་རྩ་གཉིས་ཙམ་གྱི་ཐོག་ས་ཡོམ་འགུལ་ཤུགས་རིམ་པ་དྲུག་དང་ཚག་གསུམ་བྱས་པ་ཞིག་བརྒྱབ་ཡོད་པ་དང་ད་ལྟའི་ཆར་མི་ཤི་རྨས་ཚབ་ཆེ་ཆུང་གང་འདྲ་བྱུང་མས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བཞག
ས་ཡོམ་གྱི་གནོད་འཚེ་ཕོག་ས་ཧའེ་ཤི་མངའ་ཁུལ་དེ་བཞིན་ཟི་ལིང་ནས་རྒྱང་ཐག་ཀི་ལོ་མི་ཊར་བདུན་བརྒྱ་བཅུ་བདུན་ཙམ་གྱི་ནུབ་ངོས་སུ་གནས་ཡོད་པ་དང་ས་ཁུལ་དེའི་ནང་བོད་མི་དང་སོག་པོ་གཙོ་བོར་འགྱུར་བའི་ཁ་ཆེ་དང་རྒྱ་མི་རིགས་སོགས་མི་རིགས་སྣེ་འཛོམས་ཀྱི་ས་གནས་ཤིག་ཡིན་ཞིང་ས་ཡོམ་རྒྱབ་ནས་དུས་ཡུན་ཚོུད་གཅིག་གི་རྗེས་བསྐྱར་དུ་འགུལ་ཚད་རིམ་པ་གསུམ་དང་ཚག་དགུ་བྱས་པའི་ས་ཡོམ་ཆུང་རྩག་རྒྱབ་ཡོད་པ་མཚོ་སྔོན་ཞིང་ཆེན་ས་ཡོམ་བརྟག་དཔྱད་ལས་ཁང་གིས་ཤེས་རྟོགས་བྱུང་བ་ས་ཡོམ་བརྟག་དཔྱད་ལས་ཁང་གི་དཔོན་རིགས་ཀུའུ་ཤའོ་ཏོང་གིས་འགྲེལ་བརྗོད་བྱས་ཡོད་འདུག ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་ས་ཁུལ་ནང་སློབ་གྲྭ་ཁག་སློབ་ཚན་ཚོགས་རྒྱུ་རེ་ཞིག་མཚམས་འཇོག་བྱས་ཡོད་པ་དང་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་ཁུལ་དུ་གཏེར་ཁ་བསྔོགས་འདོན་བྱེད་ས་ཁག་ཅིག་ཡོད་ཀྱང་གནོད་འཚེ་ཤུགས་ཆེན་པོ་ཕོག་མེད་ལུགས་མཚོ་སྔོན་ཞིང་ཆེན་ས་ཡོམ་བརྟག་དཔྱད་ལས་ཁང་གི་དཔོན་རིགས་ཀུའུ་ཤའོ་ཏུང་གིས་བརྗོད་འདུག