ཡུལ་ཤུལ་ཨག་སྟོད་ལ་འགུལ་ཚད་དྲུག་ལྷག་གི་ས་ཡོམ་བརྒྱབ་འདུག


2016.10.17
ཡུལ་ཤུལ་ཨག་སྟོད་ཕྱོགས་ཀྱི་ས་ཁྲ། ཡུལ་ཤུལ་ཨག་སྟོད་ཕྱོགས་ཀྱི་ས་ཁྲ།
Photo: RFA

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་ས་ཡོམ་འགུལ་ཚད་རིམ་པ་དྲུག་ལྷག་ཙམ་བརྒྱབ་ཡོད་ཀྱང་གོད་ཆག་ཐད་གནས་ཚུལ་ཁ་གསལ་མི་འདུག
དེ་ཡང་རྒྱ་ནག་ས་ཡོམ་བརྟག་དཔྱད་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཟླ་༡༠་པའི་ཚེས་༡༧་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༣་དང་སྐར་མ་༡༤་སྟེང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་གི་ཨག་སྟོད་ས་གནས་སུ་ས་ཡོམ་འགུལ་ཚད་༦.༢ བརྒྱབ་ཡོད་པ་དང་། ས་འགུལ་ལྟེ་གནས་ཀྱིི་གཏིང་ཚད་སྤྱི་ལེ་༩་ཡིན་ཞིང་། ས་ཡོམ་ལྟེ་བ་བརྒྱབ་ཡུལ་གྱི་ས་གནས་དེ་རྫ་སྟོད་རྫོང་ནས་སྤྱི་ལེ་༣༦་དང་། ཡུལ་ཤུལ་སྐྱེ་རྒུ་མདོ་ནས་སྤྱི་ལེ་༡༩༥། དེ་བཞིན་ལྷ་ས་གྲོང་ཁྱེར་ནས་སྤྱི་ལེ་༥༠༦་ཡོད་པའི་ཨག་སྟོད་ཡུལ་ཚོའི་ཉེ་འཁོར་དུ་བྱུང་འདུག ཡིན་ནའང་ད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་ས་འགུལ་དེས་རྐྱེན་པས་ས་གནས་ལ་གནོད་འཚེ་ཅི་ཕོག་ཡོད་མེད་གང་ཡང་སྤེལ་མེད་པ་རེད།  
ས་འགུལ་དེའི་སྐོར་ཀྱི་གནས་ཚུལ་ཨ་རིའི་ས་གཤིས་བརྟག་དཔྱད་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ད་རེས་བོད་ཀྱི་ཡུལ་ཤུལ་ས་ཁུལ་དུ་བྱུང་པའི་ས་འགུལ་དེའི་འགུལ་ཚད་ནི་༦.༤་ཡིན་པ་མ་ཟད། ས་འགུལ་བརྒྱབ་ས་དེ་ནི་རྫ་སྟོད་རྗོང་གི་ཨག་སྟོད་ཡུལ་ཚོ་དང་སྤྱི་ལེ་༡༧་ཡོད་ཅིང་། ས་གནས་དེར་གནས་སྡོད་བྱེད་མི་མི་ཧ་ཅང་ཉུང་པའི་སྟབས་ཀྱིས་མི་ཤི་རྨས་དང་ཁང་པ་གཏོར་སྐྱོན་སོགས་ཀྱི་གནོད་འཚེ་དེ་ཙམ་ཕོག་མེད་པ་ཚོད་དཔག་བྱས་འདུག
ཡུལ་ཤུལ་ས་ཁུལ་དུ་དེ་སྔོན་ས་འགུལ་ཐེངས་མང་བརྒྱབ་མྱོང་ཡོད་ཅིང་། སྤྱི་ལོ་༢༠༡༠་ལོར་ས་ཡོམ་འགུལ་ཚད་༦.༩་ཅན་ཞིག་བརྒྱབ་སྟེ་སྐབས་དེར་མི་སྟོང་ཕྲག་དུ་མ་རྐྱེན་ལམ་དུ་བཏང་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་ན། ཡུལ་ཤུལ་ཁོངས་གཏོགས་ཀྱི་རྫ་སྟོད་རྫོང་ནི་སྤྱི་ལོ་༢༠༡༣་ལོར་མི་འབོར་ཁྲི་༣.༤་ཡོད་ཅིང་། དེའི་ནང་རྒྱ་དང་། ཧེ་རིགས། སོག་པ་སོགས་ཡོད་ནའང་གཙོ་བོ་བོད་མི་གནས་སྡོད་བྱེད་སའི་ས་གནས་ཞིག་ཡིན་ཞིང་། སའི་མཐོ་ཚད་ཆ་སྙོམས་བྱས་པ་ཡིན་ན་རྒྱ་མཚོ་ནས་༤༠༦༩་ཡིན་པ་འཁོད་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎