ཡོ་རོབ་མཉམ་འབྲེལ་དང་རྒྱ་ནག་དབར་འབྲེལ་ཡོད་གྲོས་མོལ་སྐོར།
2011.12.21
༄༅༎ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་པེ་ཅིན་ནང་ཡོད་པའི་སྐུ་ཚབ་ནས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་གྱི་གྲོས་མོལ་ཐེངས་གཉིས་པ་དེ་གནང་འཆར་མེད་པ་དེ་རིང་གཟའ་ལྷག་པའི་ཉིན་ཕྱིར་བསྒྲགས་གནང་འདུག
རྒྱ་ནག་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དབར་ལོ་ལྟར་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་གྲོས་མོལ་ཐེངས་གཉིས་རེ་སྤེལ་གྱི་ཡོདཔ་དང་ ཡིན་ནའི་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཕྱོགས་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་མོལ་ཐེངས་གཉིས་པ་དེ་སྤེལ་རྒྱུ་མིན་པའི་སྐོར་གྱི་གསལ་བསྒྲགས་ཤིག་་ཡོ་རོབ་མཐུན་ཕྱོགས་ཡུལ་གྲུའི་རྒྱ་ནག་སྐུ་ཚབ་ལས་ཁང་གི་དྲ་འཕྲིན་བརྒྱུད་ནས་ཕྱིར་བསྒྲགས་བྱས་ཡོད་པ་རེད་ ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གི་ལོ་འདིའི་གྲོས་མོལ་ཐེངས་གཉིས་པ་དེ་བཞིན་འཆར་གཞི་ལྟར་ལོ་མཇུག་དུ་ཚོགས་རྒྱུ་ཡིན་ཡང་ རྒྱ་ནག་གཞུང་གིས་དུས་བཀག་བཞིན་གྲོས་མོལ་བྱ་རྒྱུར་ཁས་ལེན་མ་བྱས་པར་བརྟེན་ནས་ ད་ལོའི་ལོ་མཇུག་གོང་ཕྱོགས་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་གྲོས་མོལ་ཐུབ་རྒྱུ་ཁག་པོ་ཡིན་པ་དང་ ཡིན་ནའི་ཡོ་རོབ་མཐུན་ཕྱོགས་སྒྲིག་འཛུགས་ངོས་ནས་ རྒྱ་ནག་དང་མུ་མཐུད་ནས་དེའི་སྐོར་གྲོས་བསྡུར་བྱ་རྒྱུའི་འབད་བརྩོན་གནང་རྒྱུ་ཡིན་པ་འཁོད་ཡོད་འདུག་ལ་ ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་ཕྱོགས་གཉིས་ཀས་སེམས་འཚབ་ཡོད་པའི་ འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གྲོས་མོལ་བྱ་རྒྱུ་དེས་ ཕྱོགས་གཉིས་དབར་ཕན་ཚུན་ཡིད་ཆེས་དང་རྒྱུས་མངའ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་སོགས་འཁོད་འདུག ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་རྒྱ་ནག་ནང་ཡོད་པའི་སྐུ་ཚབ་མའར་ཀསི་ཨེ་ཌ་རར་ཡིས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་མུ་མཐུད་ནས་རྒྱ་ནག་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་གྱི་གྲོས་མོལ་གྱི་སྤུས་ཚད་དང་ ནང་དོན་སོགས་ལ་འགྱུར་བ་གཏོང་ཐབས་འབད་བརྩོན་གནང་རྒྱུ་ཡིན་པ་གསུང་འདུག ཉེ་བའི་ཆར་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་ ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་དགེ་བཙུན་དང་ འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ རྒྱ་ནག་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་ཚོར་རྡུང་རྡེག་་དང་བཙོན་འཇུག་བྱེད་བཞིན་པའི་གནས་སྟངས་ཐོག་ཐུགས་འཚབ་ཡོད་པའི་སྐོར་རྒྱ་ནག་ཕྱོགས་སུ་གསལ་སྟོན་གནང་ཡོད་པ་རེད་