འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཨ་རིས་གལ་ཆེན་དོན་ཆེན་ལ་བརྩི་བཞིན་ཡོད་ཟེར།
ད་ལྟ་ཚེ་བཙོན་འོག་ཡོད་པ་བོད་ནང་གི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲིས་ལགས་ཀྱི་ནང་མི་ཚོས་ད་བར་ཁྲིམས་ཐོག་ཞུ་གཏུག་གི་ཐོག་ནས་ཁོང་གློད་གྲོལ་ཐོབ་ཐབས་བྱེད་ཀྱི་ཡོད་ཀྱང་གྲུབ་འབྲས་བྱུང་མེད་པ་དང་། ད་ཆ་རྡོ་རྗེ་བཀྲིས་ལགས་གློད་བཀྲོལ་གྱི་ཆེད་ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་། གཅུང་མོ་མགོན་ཏེ་ལགས་ཀྱིས་ཡོངས་ཁྱབ་ཐོག་ནས་ཞུ་འབོད་དང་རྒྱ་ནག་མི་དམངས་ཁྲིམས་ཁང་ཟེར་བའི་མདུན་ཞུ་སྐུལ་ལས་འགུལ་སྤེལ་དང་སྤེལ་མུས་ལྟར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཆེད་དུ་དེའི་ཐད་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་ཡིག་ཐོག་ནས་བཀའ་འདྲི་ཞུས་པར། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཡིག་ཐོག་ལན་འདེབས་གནང་བའི་ནང་། བོད་ཀྱི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་སྐོར་དང་འབྲེལ་ནས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་བརྩི་སྲུང་གོང་སྤེལ་གཏོང་རྒྱུ་དེ་ནི་ཨ་རིའི་སྲིད་འཛིན་(Biden)་དང་སྲིད་འཛིན་གཞོན་པ་(Harris)་སྲིད་གཞུང་གི་བྱ་བཞག་གལ་ཆེའི་ནང་གི་དོན་ཆེན་ཞིག་ཏུ་བརྩི་བཞིན་ཡོད་ཅེས་དང་། ཨ་རིས་ཨ་རིའི་མེས་པོ་རྒན་རབས་ཚོའི་ཕུགས་བསམ་ལ་གུས་འདུད་ཀྱི་སྒོ་ནས། མི་ཚང་མར་རང་དབང་ཐོབ་ཐབས་ཀྱི་མངོན་འདོད་ཡོད་པ་བརྗོད་བཞིན་ཡོད། འཛམ་པའི་གླིང་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་དར་སྤེལ་གཏོང་མཁན་གྱི་འགོ་ཁྲིད་ཆགས་པར་སྤོབས་པ་བྱེད་བཞིན་ཡོད་ཅེས་བྲིས་འདུག
དེའི་སྔོན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བཏོན་པའི་སྤྱི་ལོ་༢༠༢༡ལོའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་གི་སྡེ་ཚན་ཁོངས་སུ་ཧོང་ཀོང་དང་མ་ཡེ་ཁོ་(Macau)་དེ་བཞིན་བོད་བཅས་ཀྱི་ནང་། ཆབ་སྲིད་བཙོན་པ་དང་བཙོན་འཇུག་བྱས་མྱོང་བའི་གྲགས་ཅན་མི་སྣ་མིང་འདོན་བྱས་པའི་ནང་བོད་ཀྱི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱང་མིང་བཏོན་གནང་ཡོད་པ་རེད།
ཉེ་ལམ་སྤྱི་ཟླ་༩་པའི་ནང་། རྡོ་རྗེ་བཀྲིས་ལགས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཡོངས་ཁྱབ་འབོད་སྐུལ་གྱི་ཞུ་ཡིག་ཞིག་ཁྱབ་སྤེལ་བྱས་པ་དེའི་ནང་། ཁོང་གི་སྤུན་ཆུང་བ་རྡོ་རྗེ་བཀྲིས་ལགས་དབང་ཤུགས་ཆེ་བའི་ས་གནས་རྒྱ་ནག་གི་འགོ་ཁྲིད་ཚོས་ཆབ་སྲིད་ཀྱི་དགོས་མཁོའི་དམིགས་ཡུལ་གྱི་ཐོག་ནས་ཉེས་མེད་ཉེས་བཙུགས་བྱས་ལུགས་བརྗོད་འདུག་ལ། དེ་བཞིན་རྡོ་རྗེ་བཀྲིས་ལགས་ཀྱི་གཅུང་མོ་མགོན་ཏེ་ལགས་ཀྱིས་ཉེ་ལམ་ཕྱི་ཟླ་༦ནང་ལྷ་སའི་རྒྱ་ནག་གི་མི་དམངས་ཁྲིམས་ཁང་གི་མདུན་རྡོ་རྗེ་བཀྲ་ཤིས་ལ་ཐུག་འཕྲད་བྱེད་དུ་འཇུག་དགོས་བའི་ཞུ་སྐུལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ནས། ཁོང་གི་སྤུན་མཆེད་རྡོ་རྗེ་བཀྲིས་ལགས་ལ་དྲང་བདེན་གྱི་ཐག་གཅོད་དགོས་པའི་ཞུ་གཏུག་གནང་ཡོད་པ་རེད།
ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་(Sophie Richardson)་ལགས་ཀྱིས། རྡོ་རྗེ་བཀྲ་ཤིས་ལགས་གཙོས་རྒྱ་གཞུང་གིས་ཁྲིམས་མེད་ལུགས་མེད་འོག་བོད་མི་བཙོན་འཇུག་བྱས་པ་ཧ་ཅང་མང་པོ་ཡོད་པ་དང་། དེ་ནི་རྒྱ་གཞུང་གི་ཁྲིམས་ཀྱི་སྒྲིག་སྲོལ་ཐད་གཡོ་བྱུས་ཀྱི་ལམ་ནས་ལག་བསྟར་བྱེད་ཀྱི་ཡོད་པ་དང་། མང་གཙོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་གཏོང་བ་མ་ཟད། དྲང་བདེན་གྱི་ཁྲིམས་ཐག་གཅོད་རྒྱུར་ཐོབ་ཐང་སྤྲོད་ཀྱི་མེད་པ་དེ་ནི་རྒྱ་ནག་གི་བཅའ་ཁྲིམས་ཀྱི་སྐྱོན་ཆ་ཆེ་ཤོས་དེ་ཡིན་པ་བརྗོད་ཡོད་པ་རེད།
གཞན་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གནད་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱལ་ཚོགས་ཀྱི་སྨྲ་བརྗོད་རང་དབང་གར་སོང་ཆ་མེད་རྟོགས་ཞིབ་སྡེ་ཚན་ལ་བཅར་འདྲི་ཞུ་ཐབས་བྱས་ཡོད།
རྡོ་རྗེ་བཀྲ་ཤིས་ལགས་ནི་མདོ་སྨད་མདོ་ལྷོ་བསང་ཆུ་རྫོང་བླ་བྲང་ས་དཀར་སྡེ་བ་ནས་ཡིན་པ་དང་། དེ་སྔ་ལྷ་སའི་གཡག་མགྲོན་ཁང་གི་སྦྱིན་བདག་ཡིན་པས། ཡོངས་གྲགས་སུ་གཡག་བཀྲ་ཤིས་ཞེས་འབོད་ཀྱི་ཡོད་པ་དང་། གསར་ལམ་ཁག་ཏུ་གནས་ཚུལ་བཀོད་པ་ལྟར་ན། ཁོང་ལ་དབྱིན་ཇིའི་སྒོར་མོ་ས་ཡ་༤༥༠ལྷག་གི་རྒྱུ་ནོར་ཡོད་པ་ཚོད་དཔག་གནང་གི་ཡོད་པ་དང་། ཁོང་གིས་སྤྱི་ལོ་༢༠༠༦ལོར་ཆུ་ཤུར་རྫོང་གི་སློབ་གྲྭ་ཞིག་ལ་རྒྱ་སྒོར་ས་ཡ་༤་དང་འབུམ་༣་ཞལ་འདེབས་སུ་ཕུལ་བ་མཚོན། སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣེ་མང་ཞིག་གནང་བར་བརྟེན། ཁོང་ལ་བོད་རང་སྐྱོང་ལྗོངས་ཟེར་བ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ནས་བྱ་དགའ་གཟེངས་བསྟོད་མང་པོ་ཞིག་ཀྱང་ཐོབ་མྱོང་ཡོད་པ་རེད། ཁོང་གི་ཕ་མིང་ལ་འཇམ་དབྱངས་དང་ཨ་མའི་མིང་ལ་ཀུན་བཟང་སྐྱིད་ཡིན་འདུག ཁོང་གིས་རྒྱ་གར་དུ་སུ་ཇ་བོད་ཁྱིམ་སློབ་གྲྭ་ནས་སློབ་སྦྱོང་གནང་སྟེ་བོད་ནང་ཕྱིར་ལོག་རྗེས། ལྗོངས་རྒྱུ་ཡུལ་སྐོར་བར་སྣེ་ཤན་དང་དབྱིན་ཇིའི་སྐད་བསྒྱུར་བཅས་གནང་མྱོང་ཡོད་པ་མ་ཟད། རིམ་པས་ཚོང་ལས་སུ་ཞུགས་ཏེ་བོད་ནང་སྙན་གྲགས་ཅན་གྱི་འབྱོར་ལྡན་ཞིག་ཆགས་ཡོད་པ་རེད།
ཕྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་ཟླ་བ་འགའི་རྗེས་སུ། རྒྱ་ནག་གི་ཉེན་རྟོག་པས་གློ་བུར་འཛིན་བཟུང་བྱས་བ་དང་། ཟླ་༨ཙམ་ལ་བཀག་ཉར་རྗེས་རྡོ་རྗེ་བཀྲིས་ལགས་ལ་རྒྱ་ནག་གཞུང་གིས། དངུལ་ཁང་གི་དངུལ་བུན་ཐད་གཡོ་བྱུས་བྱས་པའི་ཉེས་མིང་དང་། རྒྱལ་ཁབ་ཁ་བྲལ་གཏོང་བའི་ལས་འགུལ་སྤེལ་བ་སོགས་ཀྱི་ཉེས་མིང་བཙུགས་ནས་ཕྱི་ལོ་ ༢༠༡༠ལོའི་ཟླ་༥བའི་ཚེས་༡༧ཉིན་ལྷ་སའི་རྒྱ་ནག་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།
རྡོ་རྗེ་བཀྲ་ཤིས་དང་འབྲེལ་ཡོད་གནས་ཚུལ།
བཙོན་ཁང་གི་མནར་གཅོད་འོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཛ་དྲག་ཆགས་ཡོད་འདུག
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་རྩོད་པའི་ཞུ་གཏུག་ལས་དོན་བཀག་འགོག་བྱས་འདུག
རྡོ་རྗེ་བཀྲ་ཤིས་ཀྱིས་ཚེ་བཙོན་ཁྲིམས་ཆད་ལ་ངོས་ལེན་བྱེད་ཀྱི་མེད་པ་རེད་འདུག