འགོ་ཁྲིད་ཚད་ལྡན་ཞིག་ཡིན་དགོས་ན་ཚད་ལྡན་གྱི་ཤེས་ཡོན་དང་དྲང་བདེན་དགོས་གལ་ཆེ་ཞེས། སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུངས་པ།

ཟླ་ ༡༢ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལར། རྒྱ་གར་དང་བལ་ཡུལ་ནང་རྟེན་གཞི་བྱས་པའི་བོད་པའི་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་དགུན་ཁའི་གུང་སེང་དང་བསྟུན་འགོ་ཁྲིད་ཟབ་སྦྱོང་གནང་འགོ་འཛུགས་ཡོད་པ་དེའི་ཐོག ཟླ་ ༡༢ ཚེས་ ༢༤ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས། གཞོན་སྐྱེས་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་གྲོས་ཚོགས་ལམ་ལུགས་ཀྱི་བརྒྱུད་རིམ་སྐོར་ངོ་སྤྲོད་གནང་བ་དང་། ལྷག་པར་ཁོང་ནས་འགོ་ཁྲིད་ཚད་ལྡན་ཞིག་ཡིན་དགོས་ན་ཚད་དང་ལྡན་པའི་ཤེས་ཡོན་དང་དྲང་བདེན་ལྷག་བསམ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པའི་སྐོར་གསུངས་སོང་།
ཡང་ཚོགས་གཙོ་མཆོག་ནས་མུ་མཐུད་གསུངས་དོན་ལ། བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དེ་ནི་རྒྱལ་ཁབ་གཞན་གྱི་མང་གཙོའི་ལམ་ལུགས་དང་མི་འདྲ་བར། ཕྱོགས་མང་དག་ཅིག་ནས་རྒྱུ་རྐྱེན་གཞན་ལ་བསྟུན་དགོས་པ་དེ་ཤེས་དགོས་གལ་ཆེན་པོ་ཡིན་ཞིང་། བཙན་བྱོལ་ནང་ད་བར་མང་གཙོའི་ལམ་ལུགས་དེ་ལྟ་བུ་ཡོད་པ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གཞུང་མང་གཉིས་ཀྱི་བླ་ན་མེད་པའི་རྒྱབ་སྐྱོར་དང་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་གསུངས་སོང་།

འདི་ག་རླུང་འཕྲིན་ཁང་ནས་འགོ་ཁྲིད་ཟབ་སྦྱོང་དེའི་ཐོག་མཉམ་ཞུགས་གནང་མཁན་ཁག་ཅིག་ལ་ཟབ་སྦྱོང་དེའི་ཐོག་ཉམས་མྱོང་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར། མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་སྒྲོལ་མ་ལགས་ནས་བོད་པའི་མི་རབས་རྒན་པ་རྣམས་རྫོགས་འགྲོ་ཡི་ཡོད་པས། ད་ལྟའི་གཞོན་སྐྱེས་རྣམས་ནས་དེང་དུས་སྤྱི་ཚོགས་ཀྱི་ཁྲ་ཁྲ་ཟིང་ཟིང་ནང་གཡེངས་ནས། བོད་དོན་སྐོར་དོ་སྣང་གནང་མཁན་ནི་ཤིན་ཏུ་ནས་དཀོན་པོ་ཡིན་པས། ཐེངས་འདིའི་ཟབ་སྦྱོང་ཁྲོད་ཁོང་ལ་བློ་སྐྱེད་ཧ་ཅང་མང་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་ལ། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེའི་སློབ་མ་སངས་རྒྱས་ནོར་བུ་ལགས་ནས། ཟབ་སྦྱོང་དེའི་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་མི་སྣ་མང་དག་ཅིག་དང་ཐུག་འཕྲད་བྱུང་བ་དེས། ཁོང་རྣམས་ཀྱི་དགོངས་པ་དང་། ཕྱག་ལས་གནང་ཕྱོགས་སོགས་ཀྱི་སྐོར་ཤེས་རྟོགས་བྱུང་བར། རང་ཉིད་ལ་མ་འོངས་ལས་དོན་སྣ་ཚོགས་བྱ་རྒྱུའི་ཐད་གདེང་ཚོད་ཆེན་པོ་ཡོང་རྒྱུའི་ཐད་ཕན་ཐོགས་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་འགོ་ཁྲིད་ཟབ་སྦྱོང་དེ་བཞིན་ ཟླ་ ༡༢ ཚེས་ ༢༣ ནས་ ༢༨ བཅས་ཉིན་གྲངས་ ༦ རིང་གནང་གི་ཡོད་པ་དང་། སློབ་མ་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གལ་གནད་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་སྐོར། ལྷག་པར་དུ་འགོ་ཁྲིད་ཀྱི་ནུས་རྩལ་དང་དེང་དུས་སྤྱི་ཚོགས་དང་འཚམ་པའི་དྲ་རྒྱའི་ཉེན་སྲུང་དང་བདེ་འཇགས། སློབ་གྲྭའི་ནང་ཕོ་མོ་འདྲ་མཉམ་སོགས་ཀྱི་གལ་གནད་སྐོར་ཟབ་འཁྲིད་གནང་གི་ཡོད་པ་རེད་ལ། ཟབ་སྦྱོང་ཁྲོད་རྒྱ་གར་དང་བལ་ཡུལ་ནང་རྟེན་གཞི་བྱས་པའི་བོད་པའི་སློབ་གྲྭ་ཁག་ ༡༦ གི་སློབ་གྲྭའི་འགན་བདག་ཁྱོན་ ༤༣ ནས་མཉམ་ཞུགས་གནང་ཡོད་པ་རེད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།