༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ནང་བརྙན་འཕྲིན་ཐོག་སྟོན་རྒྱུ།
ཨ་མི་རི་ཀའི་གློག་བརྙན་བཟོ་བསྐྲུན་གནང་མཁན་སྐུ་ཞབས་ Tom Vendetti ཡིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་དངོས་བྱུང་གློག་བརྙན་ཞིག་ཨ་མི་རི་ཀའི་ Hawaii མངའ་སྡེའི་ PBS ཞེས་པའི་བརྙན་འཕྲིན་གྱི་ལས་རིམ་ནང་ཕྱི་ཚེས་ ༢༦ ཉིན་སྟོན་གནང་རྒྱུ་ཡིན་པ་རེད་འདུག
གོང་ཞུས་དངོས་བྱུང་གློག་བརྙན་དེའི་མིང་ལ་ The Dalai Lama: China, Mount Kailash, Happiness ཞེས་མིང་བཏགས་གནང་ཡོད་པ་དང་དེའི་ནང་རྒྱ་ནག་གིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐོག་ཤུགས་རྐྱེན་ཇི་འདྲ་ཐེབས་ཡོད་པའི་སྐོར་དང་། བོད་ཀྱི་གནས་ཆེན་གངས་རིན་པོ་ཆེ། མིའི་མི་ཚེའི་ནང་བདེ་སྐྱིད་གང་ལེགས་ཇི་ལྟར་བསྐྲུན་ཐབས་བཅས་ཀྱི་སྐོར་ཡིན་པ་རེད་འདུག ཡང་དངོས་བྱུང་གློག་བརྙན་དེའི་ནང་ཕྱི་ལོ་ ༡༩༥༠ ལོ་རབས་ནང་རྒྱ་ནག་གིས་བོད་ནང་བཙན་འཛུལ་དབང་བསྒྱུར་བྱས་པའི་སྐོར་དང་། ཆོས་དད་རང་དབང་ཐོག་དྲག་གནོན། བོད་ནང་གི་དགོན་སྡེ་ཁག་གཏོར་བཤིག་བཏང་བ་སོགས་མཐར་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་བའི་སྐོར་གློག་བརྙན་དེའི་ནང་གསལ་སྟོན་བྱས་ཡོད་པ་རེད། ཡང་གློག་བརྙན་དེའི་ནང་༸གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་དེ་ལོ་ངོ་སྟོང་ཕྲག་ལྷག་གི་རིག་གཞུང་ཞིག་ཡིན་པའི་ཆ་ནས་དེ་སྲུང་སྐྱོབ་གནང་དགོས་སྐོར་དང་། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅིག་ཐོབ་ན་བོད་ཀྱི་རིག་གཞུང་དང་ཁོར་ཡུག་དོ་སྙོམ་པའི་ཐོག་སྲུང་སྐྱོབ་ཐུབ་རྒྱུ་ཡིན་པའི་སྐོར་བཀའ་གནང་ཡོད་པ་རེད་འདུག ཡང་གློག་བརྙན་བཟོ་བསྐྲུན་གནང་མཁན་སྐུ་ཞབས་ Tom Vendetti ཡིས་བཞུགས་སྒར་དུ་ཕྱི་ལོ་ ༢༠༠༧ ལོར་༸གོང་ས་མཆོག་ཐོག་མར་མཇལ་བ་དང་བཅར་འདྲི་ཞུས་པའི་སྐབས་༸གོང་ས་མཆོག་གིས་ཁོང་ལ་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་རྒྱ་རིགས་གཞོན་སྐྱེས་ཚོར་གོ་རྟོགས་སྤེལ་ཐུབ་ན་ཡག་པོ་ཡོད་པའི་སྐོར་བཀའ་གནང་ཡོད་འདུག སྐུ་ཞབས་ Vendetti ནི་སེམས་ཁམས་རིག་པའི་ཐོག་རིག་གཅིག་རྐང་འཛིན་གྱི་ཕྱག་ལས་གནང་མཁན་ཞིག་དང་ནང་པའི་སེམས་ཁམས་རིག་པའི་ཐོག་དོ་སྣང་ཤུགས་ཆེ་ཡོད་མཁན་ཞིག་ཀྱང་ཡིན་པ་རེད་འདུག།