བོད་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་བརྙན་འཕྲིན་ཐོག་སྟོན་རྒྱུ།
2011.10.21
༄༅༎བཙན་བྱོལ་ནང་དངོས་བྱུང་གློག་བརྙན་བཟོ་སྐྲུན་གནང་མཁན་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་སྐུ་ཟླ་རི་ཏུ་ས་རིན་ཞུ་བས་བཟོ་སྐྲུན་གནང་བའི་བོད་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྐོར་གྱི་དངོས་ཤུས་གློག་བརྙན་ཉི་མ་སྤྲིན་པའི་འོག་ནས་ཞེས་འབོད་པ་དེ། ཕྱི་ཟླ་བཅུ་པའི་ཚེས་༢༢ རེས་གཟའ་སྤེན་པའི་ཉིན། རྒྱ་གར་རྒྱལ་ཡོངས་བརྙན་འཕྲིན་ཐོག་སྟོན་རྒྱུ་ཡིན་པའི་སྐོར་དེ་རིང་ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་པར་བརྟེན་ནས། བོད་ནང་གི་བོད་མི་ཚོས་བོད་ནང་རང་དབང་དགོས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུ་བྱ་དགོས་ཞེས་པའི་འབོད་ཚིག་འོག་རང་ལུས་མེ་བསྲེག་བཏང་སྟེ་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་མུ་མཐུད་སྤེལ་བཞིན་པའི་ཛ་དྲག་གི་གནས་བབ་དེའི་སྐབས་ཉི་མ་སྤྲིན་པའི་འོག་ནས་ཞེས་པའི་བོད་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བ་རྣམས་ཕྱོགས་སྒྲིག་བྱས་པའི་དངོས་ཤུས་གློག་བརྙན་དེ་བཞིན་རྒྱ་གར་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཐེངས་དང་པོ་སྟོན་རྒྱུ་ཡིན་ཞིང༌། ཉི་མ་སྤྲིན་པའི་འོག་ནས་ཞེས་འབོད་པའི་གློག་བརྙན་དེ་ནི། འཛམ་གླིང་ནང་ཕུལ་བྱུང་གི་བྱ་དགའ་མང་པོ་ཐོབ་མྱོང་བ་ཞིག་ཡིན་པ་དང༌། དཔེར་ན། ༢༠༡༠ ལོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རའག་ཏུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལྦཀ་ལེལྦ་ཧ་ལྦེལ་གྱི་མཚན་ཐོག་བྱ་དགའ་དང༌། དེ་བཞིན་༢༠༡༠ ལོར་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་དུ་ཚོགས་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་སིལ་ལྦར་ཁོནཆ་(Silver Conch)ཞེས་པའི་བྱ་དགའ། ད་དུང་པཱམ་སི་པི་རིང་(Palm Spring) རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གློག་བརྙན་ནང་དོན་ལེགས་ཤོས་དང༌། ཡང་༢༠༡༠ ལོའི་ཕྱི་ཟླ་བཅུ་པའི་ཚེས་༢༢ ཉིན་གྱི་ཉིན་གུང་རྒྱབ་ཀྱི་ཚོུད་༣ དང༌། ཕྱི་ཟླ་བཅུ་པའི་ཚེས་༢༣ གྱི་ཉིན་དགུང་ཚོུད་༡ སོ་སོར་རྒྱ་གར་གྱི་ཨེན་ཌི་ཀྲི་ལྦི་(NDTV)ཟེ་བའི་བརྙན་འཕྲིན་ཞིག་ཐོག་སྟོན་ཡོད་པ་རེད། གློག་བརྙན་དེའི་ནང་དོན་གཙོ་བོ་ནི། ༢༠༠༨ ལོར་བོད་ནབོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྟེ་དེའི་ཚ་རླབས་བོད་ས་ཁྱོན་ཡོངས་སུ་ཁྱབ་འཕེལ་ཕྱིན་པའི་གནས་སྟངས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བོད་རྒྱ་དཀའ་རྙོགས་སེལ་ཐབས་ཀྱི་དབུ་མའི་ལམ་གྱི་དགོང་གཞི་ཤར་བསྐྱོད་བྱེད་མཁན་དང་རང་བཙན་ཐབས་རྩོད་བྱེད་མཁན་ཚོའི་ལས་འགུལ་སྤེལ་བ་ཁག ད་དུང་རྒྱ་གར་ནང་དུ་བོད་མི་ཚོས་བོད་བར་གོམས་བགྲོས་བྱེད་རྒྱུའི་ལས་འགུལ་། རྒྱ་ནག་གི་ཨོ་ལིམ་པིཀ་རྩེད་འགྲན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་སྐུ་ཚབ་དབར་གྱི་གྲོས་མོལ་ལ་གྲུབ་འབྲས་མ་བྱུང་བའི་སྐོར་སོགས་ཕྱོགས་སྒྲིག་གནང་ཡོད་པ་རེད།།