རྡོ་བུམ་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་དགུང་གྲངས་༨༢ཐོག་དགོངས་པ་རྫོགས་འདུག
འབྲས་སྤུང་བློ་གསལ་གླིང་ཊེ་ཧོར་ཁང་ཚན་གྱི་བླ་མ་སྐུ་བགྲེས་རྡོ་བུམ་རིན་པོ་ཆེ་བར་ལམ་ཞིག་ནས་གཅིན་སྙི་དང་མཆིན་པའི་སྨྱུང་གཞིའི་རྐྱེན་པས་སྨན་པ་བསྟེན་གཏུགས་གནང་ཀྱང་དྲག་བསྐྱེད་མ་བྱུང་སྟབས། ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་༢༣་ཉིན་རིན་པོ་ཆེ་མཆོག་ལྡི་ལི་ནས་འབྲས་སྤུངས་སུ་དམིགས་བསལ་གནམ་གྲུ་བརྒྱུད་ཕེབས་རྗེས། འདི་ཚེས་༢༩་ཉིན་གྱི་ཞོགས་པ་ཆུ་ཚོད་༦་དང་སྐར་མ་༡༧གྱི་སྟེང་རིན་པོ་ཆེ་དགུང་གྲངས་༨༢་ཐོག་གང་ཉིད་ཀྱི་བླ་བྲང་དུ་སྐུ་ངལ་གང་ཡང་མེད་པར་དགོངས་པ་རྫོགས་ཡོད་པ་རྡོ་བུམ་བླ་བྲང་གི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་རྡོ་རྗེ་ལགས་ཀྱི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ད་དུང་ཁོང་གིས་གསུངས་དོན། རིན་པོ་ཆེ་དགོངས་པ་རྫོགས་པའི་གནས་ཚུལ་དེ་སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་ས་སྐྱ་གོང་མ་རིན་པོ་ཆེ། དེ་བཞིན་འབྲེལ་ཡོད་བླ་ཆེན་རྣམ་པར་སྙན་སེང་གིས་ཐུགས་སྨོན་སྐྱབས་འཇུག་ཞུས་གནང་བ་མ་ཟད། ས་གནས་སུ་རྡོ་བུམ་བླ་བྲང་དང་དར་རྒྱས་མུན་སེལ་དང་ཁམས་ཚན་སོགས་ནས་བསྔོ་སྨོན་མཆོད་འབུལ་གནང་བཞིན་ཡོད་འདུག
དེ་མིན་རིན་པོ་ཆེ་དང་ལྷན་ཕྱག་ལས་གནང་མྱོང་མཁན་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཟུར་པ་རྒན་སྤེན་པ་རྡོ་རྗེ་ལགས་ཀྱིས་གསུང་ན། རྡོ་བུམ་རིན་པོ་ཆེ་ནི་༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་འོག་བོད་པའི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུར་ཐུགས་འཁུར་ཆེ་བཞེས་གནང་མཁན་ཞིག་ཡིན་པ་དང་། དེ་བཞིན་གྱི་མཛད་འཕྲིན་དུ་མ་ཞིག་བསྐྱང་གནང་ཡོད་འདུག
རྡོ་བུམ་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་ནི། ཕྱི་ལོ་༡༩༤༡ཁམས་སྐྱེ་རྒུ་མདོར་སྐུ་འཁྲུངས་པ་དང་། དགུང་ལོ་༢གྱི་ཐོག་རྡོ་བུམ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་། ཁོང་དགུང་ལོ་༡༢ཕེབས་སྐབས་འབྲས་སྤུངས་སུ་ཆོས་ཞུགས་ཀྱིས་མཚན་ཉིད་གཞུང་ཆེན་ཁག་ལ་གསན་བསམ་སློབ་གཉེར་མཛད། རྗེས་སུ་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་དུ་མུ་མཐུད་གསན་བསམ་སློན་གཉེར་གནང་བ་དང་། དེའི་རྗེས་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་ནང་སློབ་གཉེར་གྱིས་ཨ་ཙཱརྱ་འམ་སློབ་དཔོན་སློབ་ཐོན་བྱུང་བ་དང་། ཕྱི་ལོ་༡༩༧༣་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་། ཕྱི་ལོ་༡༩༧༧ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། སྐུ་སྒེར་དྲུང་ཆེ་ཕྱག་རོགས་ལོ་ལྔའི་རིང་གནང་སྐབས་ཉི་ཧོང་དང་སུད་ཛར་ལེནཌ། ཨ་རི་དང་ཨུ་རུ་སུ་དེ་བཞིན་སོག་ཡུལ་སོགས་ཀྱི་ནང་༧གོང་ས་མཆོག་གི་ཆིབས་ཞབས་ལྷན་བཅར་ཞུས། ཕྱི་ལོ་༡༩༨༡་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར། རྒྱལ་ས་ལྡི་ལིར་ཡོད་པའི་བོད་དང་ཕྱི་ཕྱོགས་བར་རིག་གཞུང་གི་འབྲེལ་མཐུད་ལྟེ་གནས་ཁང་ལྡི་ལི་བོད་ཁང་ཞེས་པ་དེའི་འགན་འཛིན་དུ་ཕེབས་ཏེ་རྒྱལ་སའི་ནང་ཕྱི་རྒྱལ་ཡུལ་ཁག་གི་རིག་གཞུང་གནས་གཞི་དང་འབྲེལ་ལམ་བཙུགས་གནང་བ་དང་། བོད་ཀྱི་རིས་སུ་མ་ཕྱེ་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པ་གདན་ཞུས་ཀྱིས་ཕྱི་ནང་དད་ལྡན་མང་ཚོགས་ལ་ཆོས་ཕྱོགས་ཀྱི་མཛད་འཕྲིན་དུ་མ་བསྐྱངས། དེ་བཞིན་ཕྱི་ལོ་༡༩༨༧་ལོར་༧གོང་ས་མཆོག་གི་དགོངས་གཞི་ལྟར། རྒྱ་གར་གྱི་སྲིད་བློན་དམ་པ་ར་ཇིཝ་གནྡྷི་དང་མཇལ་འཕྲད་ཀྱིས་བོད་མི་ཚོས་རྒྱ་གར་གཞུང་དམངས་ལ་བཀའ་དྲིན་ཞུ་ཆེད་ལྡི་ལིར་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་གསར་བཞེངས་བཀའ་འཁྲོལ་ཐོབ་པ་ལྟར། ཕྱི་ལོ་༡༩༩༣་ལོར་ལེགས་འགྲུབ་བྱུང་བ་ད་ལྟ་ལྡི་ལིའི་སངས་རྒྱས་རྗེས་དྲན་གྱི་སྐྱེད་མོས་ཚལ་དུ་བཞུགས། གཞན་ཡང་རྡོ་བུམ་རིན་པོ་ཆེ་ཡིས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་གར་གྱི་ས་ཁུལ་མང་པོའི་ནང་། ༧གོང་ས་མཆོག་གི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་འཛམ་གླིང་ཞི་བདེ་དང་བོད་དོན་ལ་ཕན་པའི་ལྷན་ཚོགས་དང་བགྲོ་གླེང་ནང་མཉམ་ཞུགས་གནང་བ་མ་ཟད། བསྟན་པ་སྤྱིའི་རྣམ་གཞག་སོགས་ཀྱི་ཐོག་དབྱིན་བོད་གཉིས་ཀྱི་ཐོག་ནས་རང་རྩོམ་དང་ལེགས་སྒྲིག་དང་། སྒྲ་སྒྱུར་མཛད་ཡོད་པ་དང་དེ་མིན་འགྲོ་བ་སྤྱི་ལ་དམིགས་པའི་རྩོམ་ཐུང་ཁག་དུས་དེབ་དང་ཚགས་པར་སོགས་མང་པོ་ནང་སྤེལ་ཡོད།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།