རྒྱ་ནག་གཞུང་གིས་རྒྱ་ནག་གི་ནང་བསྟན་མཐུན་ཚོགས་ཟེར་བ་བེད་སྤྱོད་ཀྱིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་ཐབས་བྱེད་བཞིན་འདུག
དེ་ཡང་འདི་ཚེས་༢༩ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཏོན་པའི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་རྒྱ་ནག་གི་ནང་བསྟན་མཐུན་ཚོགས་ཞེས་པའི་ཚོགས་པ་དེ་བེད་སྤྱོད་ཀྱིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ཐབས་ཤེས་བྱེད་བཞིན་པ་མ་ཟད། ཚོགས་པ་དེའི་ལས་དོན་གཙོ་བོ་ནི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་འཚོལ་ཞིབ་དང་ངོས་འཛིན་བྱེད་རྒྱུའི་ལས་དོན་སྤེལ་གྱི་ཡོད་པ་དང་། རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་གཞི་ཁག་ལ་འགྱུར་བ་བཏང་ནས་ནང་པའི་བསྟན་པ་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་དམིགས་ཡུལ་གཙོ་བོ་བཀོད་ཡོད་པའི་སྐོར་དང་། རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་གི་འགོ་ཁྲིད་དང་། སྤྱི་ཚོགས་རིང་ལུགས་ལ་རྒྱབ་སྐྱོར། ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སྦྱོང་བརྡར་དང་ལག་བསྟར་བྱེད་དགོས་མ་ཟད། ནང་པའི་བསྟན་པ་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་བཀོད་འདོམས་ཁག་ལ་རྩ་འཛིན་བྱེད་དགོས་པའི་སྐོར་བཀོད་ཡོད་པ་རེད་འདུག
དེ་བཞིན་སྙན་ཐོ་དེའི་ནང་། རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ལས་དོན་ཁོངས་སུ། བོད་ཀྱི་བླ་སྤྲུལ་རྣམས་བོད་ཀྱི་གནའ་སྔ་མོའི་དགོན་སྡེ་ཁག་ཏུ་སློབ་གཉེར་བྱེད་དུ་མ་བཅུག་པར་ཚོགས་པ་དེ་རང་ངོས་ནས་དམིགས་བསལ་གྱི་སྦྱོང་བརྡར་སྤྲོད་ཡུལ་གྱི་སློབ་གཉེར་ཁང་གསར་འཛུགས་བྱས་ཡོད་པའི་སྐོར་བཀོད་གནང་ཡོད་པ་རེད་འདུག
གོང་ཞུས་རྒྱ་ནག་ནང་བསྟན་ཚོགས་པ་དེའི་ལས་དོན་གཙོ་བོ་ཞིག་ནི། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམས་འཚོལ་བསྡུ་དང་ངོས་འཛིན། སྦྱོང་བརྡར་སྤྲོད་ཕྱོགས་དང་དེའི་ཐོག་སྒྲིག་གཞི་དང་ལས་དོན་སྤེལ་ཕྱོགས་གསར་པ་ཁག་བཀོད་འདོམས་དང་། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐོག་གྲ་སྒྲིག་བྱས་ཡོད་པ་སོགས་ཀྱི་སྐོར་སོགས་སྙན་ཐོ་དེའི་ནང་གསལ་འདུག
གསར་འགོད་པ། ལྷུན་གྲུབ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།