འདི་ལོའི་ནོ་བེལ་ཞི་བདེའི་བྱ་དགའ་རྒྱ་རིགས་ཤིག་ལ་ཐོབ་སྲིད་པ།
2008.10.06
༄༅༎ནོར་ལྦེའི་རྒྱལ་ས་ཨོསི་ལོ་ལ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཞི་བདེའི་གནད་དོན་ཉམས་ཞིབ་ལྟེ་གནས་ཁང་གི་འགན་འཛིན་སིཀྲའེན་ཀྲོ་ནེ་སེན་ཡིས་འདི་ལོ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཀྱི་བྱ་དགའ་དེ་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་གཞུང་དང་ལྟ་སྤྱོད་མི་མཐུན་པའི་འོས་མི་གཉིས་གང་རུང་ཞིག་ལ་ཐོབ་སྲིད་པའི་རེ་བ་ཡོད་སྐོར་གསུངས་ཡོད་པ་རེད་
དེ་ཡང་ཁོང་གིས་ཚོད་དཔག་གི་ནང་འདི་ལོའི་བྱ་དགའ་དེ་བཙོན་འཇུག་མྱོང་བཞིན་པའི་རྒྱ་རིགས་ཀའོ་ཀྲི་ཧྲེང་འམ་ཡང་ན་ཧུའུ་ཅ་གཉིས་སུ་རུང་ཞིག་ལ་འཐོབ་རྒྱུའི་རེ་བ་ཡོད་སྐོར་གསུངས་ཡོད་པ་རེད་
རྒྱ་རིགས་ཀའོ་ནི་ཕ་ལུན་ཀུང་གི་ཆོས་ལུགས་ཀྱི་རྗེས་འབྲངས་བ་གཙོས་རྒྱ་ནག་ནང་མགོན་མེད་སྐྱབས་མེད་ཀྱི་མི་མང་རྣམས་ལ་མི་དྲང་བའི་གནས་ཚུལ་བྱུང་སྐབས་ཁོང་རྣམས་ཀྱི་ཆེད་བདེ་དོན་རྩོད་ལེན་གྱིས་གཞུང་གི་བཙོན་བཅུག་གི་ཉེས་ཆད་ཕོག་པའི་ཁྲིམས་རྩོད་པ་དེ་ཡིན་པ་དང་དམངས་གཙོ་དོན་གཉེར་བ་རྒྱ་རིགས་ཧུའུ་ཅ་ནི་ཨེཛ་ནད་གཞི་ཕོག་པའི་ཉམ་ཆུང་མི་མང་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་གནད་དོན་ལ་རྩོད་ལེན་གནང་མཁན་གྱི་རྒྱ་རིགས་གཞོན་སྐྱེས་ཤིག་ཡིན་པ་དང་ཁོང་ནི་བོད་མིའི་གནད་དོན་ལའང་གདུང་སེམས་མཉམ་སྐྱེད་གནང་མཁན་ཞིག་ཡིན་པ་རེད་ ཞི་བདེའི་ལྟེ་གནས་ཁང་དེའི་འགན་འཛིན་སིཀྲའེན་ཀྲོ་ནེ་སེན་ཡིས་གསུང་ན་ཕྱི་ལོ་༢༠༠༨དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་དམངས་ཀྱི་ཐོབ་ཐང་གསལ་བསྒྲགས་གནང་སྟེ་ལོ་ངོ་དྲུག་བཅུ་འཁོར་བའི་དུས་དྲན་དེ་འཁེལ་གྱི་ཡོད་པ་དང་ལོ་འདིའི་འོས་གཞིའི་ཁོངས་མི་སྣ་གཟི་བརྗིད་ཅན་གཞན་དེ་འདྲ་གང་ཡང་མེད་པའི་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྒྱ་རིགས་ཁོང་གཉིས་སུ་རུང་ཞིག་ལ་ཐོབ་སྲིད་སྐོར་གསུངས་ཡོད་པ་རེད་ འཛམ་གླིང་ནང་མཚན་ཐོངས་ཧ་ཅང་ཆེ་བའི་ནོ་བེལ་ཞི་བདེའི་བྱ་དགའ་དེ་སུ་ལ་གནང་མིན་གྱི་མཐའ་མའི་ཐག་གཅོད་དེ་མི་སྣ་ལྔ་ལས་གྲུབ་པའི་གསང་རྒྱ་ཆེ་བའི་ནོ་བེལ་ཞི་བདེའི་ཚོགས་ཆུང་གིས་གནང་གི་ཡོད་པ་དང་བྱ་དགའ་སུ་ཐོབ་ཀྱི་མི་སྣའི་གསལ་བསྒྲགས་དེ་ལོ་ལྟར་ཕྱི་ཟླ་བཅུ་པའི་ཚེས་བཅུ་ཉིན་གནང་གི་ཡོད་པ་རེད་