བོད་སོག་ལར་རྒྱ་གཅིག་གྱུར་གྱི་ཆིངས་ཡིག་ཐད་བགྲོ་གླེང༌།
2010.12.31
༄༅༎བོད་སོག་ལར་རྒྱ་གཅིག་གྱུར་གྱི་ཆིངས་ཡིག་གལ་གནད་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཕྱི་ཟླ་བཅུ་གཉིས་པའི་ཚེས་༣༠ཉིན། བཞུགས་སྒར་རྡ་རམ་ས་ལའི་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་འགོ་འཛུགས་གནང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག
ད་རེས་ཀྱི་བོད་སོག་ལར་རྒྱ་གཅིག་གྱུར་གྱི་ཆིངས་ཡིག་གལ་གནད་ཅེས་པའི་བརྗོད་གཞིའི་ཐོག་གི་ལྷན་ཚོགས་དེ་བཞིན། བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུང་གིས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ཚོགས་འདུའི་སྐབས་གསུང་བཤད་གནང་མཁན་མི་སྣ་བདུན་ཡོད་པའི་ནང་། སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་དང་། ས་རའི་རྒྱལ་རབས་སློབ་དགེ་བསོད་ནམས་རྒྱལ་མཚན་ལགས། ཨ་རིའི་ཨིན་ཊེ་ཡ་ནའི་གཙུག་ལག་སློབ་གྲྭའི་སློབ་དཔོན་སྐུ་ཞབས་ཨི་ལོའི་ཊ་ ཨིསི་པེ་རིང། ཁེ་ན་ཊའི་ སྦིར་ཊི་ཤི་ཁ་ལོམ་བི་ཡ་གཙུག་ལག་སློབ་གྲྭའི་མཁས་དབང་ཚེ་རིང་ཤཀྱྰ་ལགས། ཝར་ན་མཐོ་སློབ་ཀྱི་རྒྱལ་རབས་སློབ་དཔོན་བྱམས་པ་བསམ་གཏན་ལགས། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཉམས་ཞིབ་པ་ཆུང་ཚེ་རིང་ལགས། མ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་དང་ལོ་རྒྱུས་ཉམས་ཞིབ་པ་བཀྲིས་ཚེ་རིང་ལགས་བཅས་ཡིན་པ་རེད།
དེ་མིན་ཚོགས་བཅར་བའི་ཁོངས་སུ་བཙན་བྱོལ་བོད་གཞུང་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་དང་། རང་དབང་ཅན་གྱི་ སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བཙན་བྱོལ་བོད་གཞུང་ལྷན་ཁང་ཁག་གི་འབྲེལ་ཡོད་མི་སྣ་སོགས་མི་གྲངས་༨༠ཙམ་ཕེབས་ཡོད་པ་རེད། མཛད་སྒོའི་ཐོག་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས། དེ་རིང་གི་ཚོགས་ འདུ་དེའི་ཐོག་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་གལ་གནད་ཆེན་པོ་བརྩི་གནང་གི་ཡོད་པ་དང་། ཚོགས་འདུའི་བརྗོད་གཞི་འདི་ང་ཚོ་བོད་ཀྱི་ལོ་རྒྱུས་ཐོག་འབྲེལ་བ་ཧ་ཅང་ཆེན་པོ་ཆགས་ཡོད་པར་བརྟེན། ཚང་མས་ཐུགས་སྣང་ཆེར་སྐྱེད་གནང་རྒྱུའི་གསུང་བཤད་གནང་ཡོད་པ་དང་། དེ་རྗེས་གསུང་བཤད་གནང་མཁན་ཚོས་རིམ་པས་བོད་སོག་ཆིངས་ཡིག་མ་བཞག་གོང་གི་བོད་དང་མན་ཇུ་དབར་གྱི་འབྲེལ་བའི་སྐོར་དང་། བོད་སོག་གཉིས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་སོགས་རིམ་པས་གསུང་བཤད་གནང་ཡོད་འདུག།