ཨཕ་གན་གྱི་སྲིད་འཛིན་འོས་བསྡུའི་སྐོར་གླེང་རྒྱུར་བཀག་འགོག
2009.10.04
༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨཕ་ག་ནིསྟཱན་སྲིད་འཛིན་གྱིས་འོས་བསྡུ་དྲང་བདེན་བྱུང་མེད་པ་ངོས་ལེན་གནང་མེད་པ་མ་ཟད་ཡུལ་དེར་ཡོད་པའི་རྒྱལ་ཚོགས་ཀྱི་སྐུ་ཚབ་ལ་དེའི་སྐོར་གླེང་སློང་བྱེད་ཐལ་མེད་པའི་བཀོད་པ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་ཉི་མའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བཱན་ཀི་མུན་མཆོག་གི་ཨཕ་ག་ནིསྟཱན་ནང་དམིགས་བསལ་སྐུ་ཚབ་གཞོན་པ་ཟུར་པ་པི་ཊར་གྷལ་བཱརའེཐད་ཀྱིས་ཨ་རིའི་རྒྱལ་སའི་ལྦ་ཤིང་ཊོན་ཕོ་ཉ་ཞེས་པའི་ཡོངས་གྲགས་གསར་ཤོག་ནང་ཆེད་རྩོམ་ཞིག་སྤེལ་བའི་ནང་རྒྱལ་ཚོགས་ཀྱི་དྲུང་ཆེ་ཁོང་བདུན་ཕྲག་སྔོན་མ་ནས་གནས་དབྱུངས་བྱས་པའི་རྗེ་སུ་གནས་ཚུལ་དེ་ཕྱི་བསྒྲགས་བྱས་ན་འགྲིགས་ཀྱི་མེད་ལུགས་མཐའ་མའི་བཀོད་ཁྱབ་བཏང་ཡོད་ལུགས་འགྲེལ་བརྗོད་བྱས་འདུག ཁོང་གིས་དེ་ལྟར་ཁས་ལེན་ཞུས་ཏེ་ཁོང་གནས་དབྱུངས་བྱེད་དགོས་དོན་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་ཨཕ་ག་ནིསྟཱན་གྱི་འོས་བསྡུ་དྲང་བདེན་བྱུང་མིན་གྱི་རྩོད་རྙོག་སྐོར་ཡིན་ལུགས་ནང་མོལ་གནང་ཡང་མཐའ་མའི་གསལ་བསྒྲགས་ནང་ཁོང་དང་ཁོང་གི་ཕྱག་རོགས་ཨི་ཌི་གཉིས་ཆམ་མིན་ལ་བརྟེན་ནས་རྒྱལ་ཚོགས་ཀྱི་ལས་དོན་གྱི་ཁེ་ཕན་ཆེད་དུ་ཁོང་གནས་དབྱུངས་བྱེད་དགོས་བྱུང་ཡོད་ལུགས་ཡོངས་གྲགས་ཆགས་ཡོད་པར་བརྟེན་ཁོང་གིས་ཁོང་ཞུང་ཆེད་རྩོམ་དེ་སྤེལ་རྒྱུར་ཐག་གཅོད་བྱུང་ཡོད་འདུག སྐུ་ཞབས་པི་ཊར་གྷལ་བརིཐད་དང་ཕྱག་རོགས་ཨི་ཌི་གཉིས་ཡུན་རིང་ནས་འདྲིས་པོ་ཡོད་པ་མ་ཟད་པི་ཊར་དང་ད་ལྟའི་ཨ་རིའི་ཨཕ་ག་ནིསྟཱན་དང་པ་ཀིསྟཱན་ཐོུང་གི་དམིགས་བསལ་སྐུ་ཚབ་རི་ཆ་ཌི་ཧོལ་སྦུ་རུཁ་དང་འབྲེལ་བ་ཆེན་པོ་ཡོད་པའི་མི་སྣ་ཞིག་ཡིན་འདུག གོང་ཞུས་ཆེད་རྩོམ་ནང་པི་ཊར་གྱིས་ཨཕ་ག་ནིསྟཱན་གྱི་སྲིད་འཛིན་གྱི་འོས་བསྡུ་དྲང་བདེན་རྩ་བ་ནས་བྱུང་མེད་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐེ་བྱུས་ཚུལ་ལྡན་མ་གནང་བ་དང་གཡོལ་ཐབས་བྱས་ཡོད་ལུགས་སོགས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་འདུག འོས་བསྡུ་ཕྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་ནིན་བྱས་ཡོད་ཀྱང་རྩོད་རྙོག་དེ་འདྲ་ལ་བརྟེན་ནས་ད་ལྟའང་མཐའ་མའི་གྲུབ་འབྲས་གསལ་བསྒྲགས་བྱས་ཐུབ་མེད་པ་རེད༎