རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།

2025.01.13
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ། སྟོད་དིང་རི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ།
མི་སེར་གྱི་འདྲ་པར།

* གནས་ཚུལ་ཁ་སྣོན་བྱས་ཡོད།

བོད་ནང་གི་དིང་རི་ཡིས་གཙོས་ཉེ་འཁོར་ས་གནས་ཁག་ཏུ་ཕྱི་ཚེས་ ༧ ཉིན་ས་ཡོམ་འགུལ་ཚད་ ༧.༡ ཅན་བྱུང་སྟེ། མི་རྒྱུ་གཉིས་ལ་གོད་ཆག་ཤུགས་ཆེར་བྱུང་ནས་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༣ བདུན་ཕྲག་གཅིག་འགྲོ་བཞིན་པ་དང་། རྒྱ་ནག་གཞུང་གིས་དིང་རིའི་ས་ཡོམ་བྱུང་ཁུལ་ལྟེ་བ་གྲམ་མཚོ་ཡུལ་ཚོའི་ནང་དམག་གིས་སྐོར་སྲུང་དང་། ས་གནས་སུ་མི་སྣ་གཙང་སེལ་ཞེས་འབོད་དེ་རོགས་སྐྱོར་དངོས་ཟོག་བགོ་འགྲེམས་བྱེད་མཁན་དང་རོགས་སྐྱོར་མི་སྣ་སོགས་གཅིག་ཀྱང་ཡོང་བཅུག་གི་མེད་པ་མ་ཟད། ལྷག་པར་དུ་དགེ་འདུན་པ་སོགས་ས་གནས་སུ་ཡོང་ནས་བསྔོ་སྨོན་བྱེད་བཅུག་གི་མེད་པའི་ཁར། ཕྱི་ཚེས་ ༡༢ ཉིན་ནས་བཟུང་ས་ཡོམ་བྱུང་ཁུལ་དུ་རོགས་སྐྱོར་མི་སྣ་རྩ་ནས་གཏོང་གི་མེད་པ་དང་། བོད་ཀྱི་ས་ཁུལ་ཐག་རིང་ཁག་ནས་རོགས་སྐྱོར་དུ་ཡོང་མཁན་ཚོས། ས་ཡོམ་བྱུང་ཁུལ་དུ་འགྲོ་སྐྱོད་ཙམ་བྱེད་ཆོག་པའི་རེ་བ་བྱས་ཀྱང་། གཞུང་གི་བཀོད་ཁྱབ་ཡིན་སྐོར་བརྗོད་ནས་ཆོག་མཆན་ཡིག་ཆ་རྩ་ནས་སྤྲོད་ཀྱི་མེད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཡོ་རོབ་རྒྱ་རིགས་འབྲེལ་མཐུད་པ་དང་ལོ་མང་རིང་བོད་དོན་ཉམས་ཞིབ་གནང་མཁན་སངས་རྒྱས་སྐྱབས་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགོངས་ཚུལ་དྲིས་བར། ཁོང་གིས་དེར་རྒྱུ་རྐྱེན་གསུམ་ཡོད་པའི་ནང་གི་གཅིག་ནི་རྒྱ་ནག་གཞུང་གིས་ད་བར་བོད་ཡར་རྒྱས་བཏང་ཡོད་ཚུལ་འུད་སྒྲོག་བྱས་པའི་རྫུན་རྐུབ་རྡོལ་རྒྱུར་ཞེ་སྣང་བྱེད་ཀྱིན་ཡོད་པ་དང་། གཉིས་ནས་རྒྱ་ནག་རང་ཉིད་ཀྱིས་ས་ཡོམ་བྱུང་ཡུལ་ལ་རོགས་སྐྱོར་ཆེན་པོ་བྱས་ལུགས་ཁྱབ་བསྒྲགས་བྱ་ཆེད་ལས་གཞན། བོད་ཆོལ་ཁ་གསུམ་གྱི་བོད་མིའི་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་མཐོང་འདོད་མེད་པ་བཅས་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་སོགས་གང་སར་རང་བྱུང་གི་གོད་ཆགས་སོགས་གནོད་འཚེ་རིགས་བྱུང་སྐབས་ཐོག་མཐའ་བར་གསུམ་དུ་གང་ཐུབ་ཀྱིས་གནས་ཚུལ་ཇེ་ཆུང་དུ་གཏོང་ཐབས་བྱེད་བཞིན་པའི་དབང་གིས་མི་སྣ་འདས་གྲོངས་ཕྱིན་པའི་གྲངས་འབོར་ཡང་སྦས་གསང་བྱེད་ཐབས་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། ས་ཡོམ་གནོད་ཐེབས་ས་ཁུལ་དུ་རྩད་ཞིབ་ཡག་པོ་བྱས་པ་ཡིན་ན་དཀའ་ངལ་དངོས་གནས་ཡོད་ས་མང་དག་ཅིག་ཡོད་པ་མ་ཟད། ལྷག་པར་ཕྲུ་གུ་དང་རྒན་འཁོག་སོགསལ་དཀའ་ངལ་ཆེན་པོ་ཡོད་ན་ཡང་། ཉེན་རྟོག་པས་རྗེས་འདེད་དང་པར་དང་བརྙན་ལེན་མི་བཅུག་པ་སོགས་ཀྱིས་གནས་སྟངས་དེ་རིགས་ཁྱབ་སྤེལ་འགྲོ་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་ལ། ཡང་འབྲེལ་ཡོད་བོད་མི་གཞན་ཞིག་ནས་ང་ཚོ་ཨ་མདོ་ནས་ཉིན་མཚན་བྱས་ཏེ་དངོས་ཟོག་རླངས་འཁོར་མང་པོ་ཁྲིད་ནས་དིང་རི་རྫོང་དུ་བསླེབས་པ་དང་། གཞུང་གི་བཀོད་སྒྲིག་འོག་ས་གནས་སུ་གཙང་སེལ་དང་། གཞུང་འབྲེལ་རོགས་སྐྱོབ་ལ་བར་ཆད་བཟོ་བཞིན་ཡོད་སྐོར་བརྗོད་ནས་གནོད་ཐེབས་ས་ཁུལ་དུ་བཏང་མ་སོང་། གྲམ་མཚོ་ཡུལ་ཚོའི་སྡེ་དཔོན་ལ་འབྲེལ་བ་བྱས་ཏེ་ཡོང་ཆོག་པའི་ཆོག་མཆན་སྤྲད་སོང་ན་ཡང་། རྫོང་གི་འགག་སྒོ་ཁག་ནས་རྩ་ནས་གཏང་མ་སོང་བས། ད་ལྟ་ཅ་དངོས་ཚང་མ་གཞུང་ལ་རྩིས་སྤྲོད་མི་བྱེད་ཐབས་མེད་བྱུང་ཞེས་བརྗོད་བྱུང་།

རྒྱ་ནག་གཞུང་གིས་ས་ཡོམ་གནོད་ཐེབས་ཁུལ་དུ་རོགས་སྐྱོར་མི་སྣ་བཀག་འགོག་བྱེད་བཞིན་པ་དང་འབྲེལ། བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་རོགས་སྐྱོར་དངོས་ཟོག་ས་གནས་མི་མང་གི་ལག་ཏུ་སྤྲོད་མི་བཅུག་ན། སྲིད་གཞུང་ལ་མ་སྤྲོད་རོགས་ཞེས་སྤེལ་བཞིན་པ་མཐོང་རྒྱུ་འདུག་ལ། རྒྱ་ནག་གཞུང་གིས་ས་ཡོམ་གནོད་ཐེབས་ས་ཁུལ་གྱི་བརྙན་དང་པར་སོགས་དྲ་ལམ་ནས་ནག་བསུབ་བཏང་སྟེ། གཞུང་འབྲེལ་གསར་ལམ་ཁག་ཏུ་གཞུང་གི་དྲིལ་བསྒྲགས་བྱེད་སྒོ་དང་། ས་ཡོམ་གནོད་ཐེབས་ས་ཁུལ་དུ་ཕྲུ་གུ་ཚོའི་ལག་ཏུ་དར་དམར་འཕྱར་བཅུག་པ་དང་། ཕྲུ་གུ་ཚོར་རྒྱ་སྐད་ལམ་ནས་ང་ཚོ་ཚང་མ་ཀྲུང་ཧ་མི་རིགས་ཡིན་ཞེས་བཤད་བཅུག་པ།  གནོད་ཐེབས་ས་ཁུལ་གྱི་མི་མང་ལ་སྲིད་གཞུང་དཀའ་དྲིན་ཆེན་པོ་ཡིན་པའི་སྐད་ཆ་བཤད་བཅུག་པ། གནོད་ཐེབས་མི་མང་ལ་ལྕགས་ཤོག་གི་སྡོད་ཁང་བརྒྱབ་པའི་ནང་མགོ་ཁྲིད་ཞི་ཅིན་ཕིན་གྱི་པར་རིས་སྒྲིག་བཤོམ་བྱེད་བཅུག་པ་སོགས། ཆབ་སྲིད་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་སྒོ་ཤུགས་ཆེར་སྤེལ་བཞིན་པ་སོགས་མཐོང་རྒྱུ་འདུག

རྒྱ་ནག་གཞུང་འབྲེལ་ངོས་ནས་དིང་རིའི་ས་ཡོམ་གོད་ཆག་ཁྲོད་མི་གྲངས་ ༡༢༦ ལས་རྐྱེན་འདས་སུ་ཕྱིན་མེད་སྐོར་བཤད་ཀྱང་། ས་གནས་ཡུལ་མི་ནས་གྲམ་མཚོ་གྲོང་ཚོ་གཅིག་པུའི་ནང་མི་གྲངས་ ༡༠༠ ལྷག་རྐྱེན་འདས་ཕྱིན་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ས་ཡོམ་བྱུང་ཁུལ་ཁྱོན་ཡོངས་ནས་མི་གྲངས་དེ་ལས་མང་པ་རྐྱེན་འདས་ཕྱིན་པའི་དོགས་གཞི་བྱེད་བཞིན་ཡོད་པ་རེད་ལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་མུ་མཐུད་འབྲེལ་ཡོད་དང་མཉམ་དུ་ས་ཡོམ་ཁྲོད་རྐྱེན་འདས་སུ་ཕྱིན་པའི་ཁ་གྲངས་ཐད་རྩད་ཞིབ་བྱེད་བཞིན་པ་ཡིན་ལ། རྒྱ་ནག་གཞུང་འབྲེལ་ངོས་ནས་ཐེངས་འདིའི་ཚད་རིམ ༧.༡ ཅན་གྱི་ས་ཡོམ་ཁྲོད་གནོད་འཚེ་ཕོག་པའི་མི་གྲངས་ཁྲི་ ༦ ལྷག་བྱུང་ཡོད་སྐོར་བསྒྲགས་སོང་བ་ལས། ས་ཡོམ་གྱི་གནོད་ཐེབས་དང་གོད་ཆག་ཅི་བྱུང་དང་། ས་གནས་ཁག་ཏུ་ཡོད་པའི་དགོན་པ་དང་རིག་དངོས་རྩ་ཆེན་ཁག་ལ་གཏོར་སྐྱོར་སོགས་ཀྱི་གནས་ཚུལ་རྩ་ནས་འགོད་སྤེལ་བྱེད་ཀྱི་མེད་ལ། ཕྱི་ཚེས་ ༡༣ ཉིན་རྒྱ་ནག་གཞུང་འབྲེལ་མི་སྣས་ས་ཡོམ་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པ་ཚོའི་ཆེད་དུ། གྲམ་མཚོ་གྲོང་ཚོ་རུ་མྱ་ངན་གུས་འདུད་ཀྱི་མཛད་སྒོ་ཚོགས་པ་སོགས། གཞུང་འབྲེལ་གྱི་དྲིལ་བསྒྲགས་ཁོ་ན་བྱེད་ཀྱི་ཡོད་པ་རེད། །

གསར་འགོད་པ། བསྟན་འཛིན་ནོར་འཛོམས། ཨ་སྒྲོན།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

 

 

 

 

 



 

 

 

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎