རྡ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དབུ་འབྱེད་དུ་༧གོང་ས་མཆོག་གི་༸སྐུའི་མཛད་རྣམ་དང་འབྲེལ་བའི་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པ་གཟིགས་འབུལ་གནང་ཡོད་པ།

2024.11.07
རྡ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དབུ་འབྱེད་དུ་༧གོང་ས་མཆོག་གི་༸སྐུའི་མཛད་རྣམ་དང་འབྲེལ་བའི་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པ་གཟིགས་འབུལ་གནང་ཡོད་པ། བཞུགས་སྒར་དུ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཉིན་དང་པོའི་སྐབས། ༢༠༢༤།༡༡།༠༧ ཉིན།
RFA/ Tenzin Woeser

ལོ་རེ་འཆར་ཅན་བཞུགས་སྒར་རྡ་རམ་ས་ལ་ཁུལ་དུ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གནང་ལམ་ཡོད་པ་བཞིན།འདི་ལོའི་གློག་བརྙན་དུས་སྟོན་ཐེངས་ ༡༣ དེ་བཞིན་ཟླ་ ༡༡ པའི་ཚེས་ ༧ ཉིན་བཞུགས་སྒར་རྡ་སྟེང་བོད་ཁྱིམ་དུ་དབུ་འབྱེད་གནང་སྐབས། གློག་བརྙན་དུས་སྟོན་གོ་སྒྲིག་གནང་མཁན་བསྟན་འཛིན་བསོད་ནམས་ལགས་ནས།འདི་ལོར་རྒྱལ་སྤྱིའི་ནང་སྐད་གྲགས་ཡོད་པའི་གློག་བརྙན་འདྲ་མིན་བརྒྱད་ཅུ་ཙམ་གཟིགས་འབུལ་ཞུ་འཆར་ཡོད་པ་དང་། དམིགས་བསལ་༧གོང་ས་མཆོག་གི་སྐོར་གྱི་གློག་བརྙན་གསར་པ་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པ་དེ། ལྷོ་ཨེ་ཤེ་ཡའི་ནང་ཐེངས་མ་དང་པོར་བསྟན་ས་དེ་བཞུགས་སྒར་རྡ་རམ་ས་ལ་ཡིན་པར་དགའ་སྤྲོ་ཆེན་པོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག

༧གོང་ས་མཆོག་གིས་འཛམ་གླིང་འདིར་ཞི་བདེ་དང་མིའི་སྤྱི་ཚོགས་ལ་བདེ་སྐྱིད་ལྡན་དགོས་ན། བྱམས་བརྩེའི་ཉམས་ལེན་དང་རྣམ་དཔྱོད་ཡར་རྒྱས། དུས་རབས་དང་མཐུན་པའི་ཡར་ཐོན་གྱི་བསམ་བློ་འཁོར་ཐུབ་དགོས་པ་སོགས་ཀྱི་བསླབ་བྱ་སྟོན་པའི་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་འཁྲབ་འཁྲིད་པ་དང་། གློག་བརྙན་པར་ལེན་གནང་མཁན་གྱི་གྲས་སུད་སི་རྒྱལ་ཁབ་ཀྱི་ཡུལ་མི་མ་ནུལ་སྦ་ཝུར་ལགས་ནས། བཞུགས་སྒར་དུ་གློག་བརྙན་འདི་གཟིགས་འབུལ་ཞུ་རྒྱུ་བྱུང་བར་དམིགས་བསལ་དགའ་ཚོར་ཡོད་པ་ངོ་སྤྲོད་གནང་བ་དང་འབྲེལ། ཕྱི་ལོ ༡༩༩༠ ལོར་ངས་༧གོང་ས་མཆོག་བརྙན་པར་དུ་བླངས་ཏེ་བོད་དང་འབྲེལ་ལམ་ཐོག་མ་དེ་རྡ་རམ་ས་ལ་ནས་འགོ་བཙུགས་པ་དང་མཚུངས་སུ། ༢༠༡༩ ལོར་༧གོང་ས་མཆོག་ལ་གློག་བརྙན་འདི་དང་འབྲེལ་བའི་བཅར་འདྲི་ཞུས་ནས་གློག་བརྙན་འདིའང་ས་གནས་འདི་གར་འགོ་འཛུགས་བྱས་པ་སོགས་ཀྱིས། ས་ཆ་འདི་ནི་བོད་མིའི་ལྟེ་གནས་དང་གློག་བརྙན་འདི་ངེས་པར་བསྟན་དགོས་པའི་ས་གནས་ཡིན་པར་བརྟེན། དམིགས་བསལ་བོད་ཁྱིམ་དུ་གློག་བརྙན་འདི་བསྟན་ཐུབ་པར་དགའ་ཚོར་ཧ་ཅང་ཆེན་པོ་ཡོད་པ་ངོ་སྤྲོད་གནང་གི་འདུག གློག་བརྙན་གཟིགས་འབུལ་གྱི་རྗེས་གཟིགས་མོ་བ་རྒྱ་གར་མཱམབྷེ་ནས་ཡིན་པ་སམྦྷཏཱ་ལགས་ནས། གློག་བརྙན་འགོ་བཙུགས་པ་ནས་མཇུག་བར་སེམས་ནང་ཞི་བདེའི་ཚོར་བ་ཤུགས་ཆེ་བྱུང་བ་དང་། ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ཇི་ལྟར་ཕྱིན་པ་ཧ་མི་གོ་བར་སྒོམ་བརྒྱབ་པ་དང་འདྲ་བར། སེམས་ལྷོད་ལྷོད་དང་ལྷིང་འཇགས་ཀྱི་ཚོར་བ་ཧ་ཅང་ཆེན་པོ་བྱུང་ཞེས་སེམས་ནང་ཞི་བདེའི་ཚོར་བ་ཧ་ཅང་ཤུགས་ཆེ་བྱུང་བ་ངོ་སྤྲོད་གནང་གི་འདུག

ཟླ་ ༡༡ ཚེས་ ༧ ནས་ ༡༠ བར་འཚོག་བཞིན་པའི་རྡ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་དང་། རྒྱ་གར། བོད་མི་དང་འབྲུག་སོགས་ནས་ཀྱང་གློག་བརྙན་འཁྲབ་སྟོན་པ་དང་འཁྲབ་འཁྲིད་པ། འཁྲབ་གཞུང་རྩོམ་པ་པོ་སོགས་མང་པོ་ཞིག་མཉམ་ཞུགས་གནང་གི་ཡོད་པ་ལས། འབྲུག་རྒྱལ་ཁབ་ཀྱི་གློག་བརྙན་ལྟེ་གནས་ཁང་གི་སྐུ་ཚབ་ཚོགས་ཆུང་ཞིག་ཕེབས་ཡོད་པ་ལས་གློག་བརྙན་འཁྲབ་ཁྲིད་པ་ཚེ་རིང་ཕུན་ཚོགས་ལགས་ནས། འབྲུག་གི་གློག་བརྙན་ཞིག་དུས་སྟོན་འདིར་བདམས་སྒྲུག་གཟིགས་འབུལ་གནང་འཆར་ཡོད་པ་དེས། ང་ཚོ་འབྲུག་གི་གློག་བརྙན་གྱི་ཚབ་མཚོན་གནང་ཐུབ་པ་དང་། འབྲུག་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁབ་ཞིག་ཡིན་པས། རྒྱ་གར་དང་རྒྱ་ནག བོད་བཅས་དང་འབྲེལ་ལམ་གཏིང་ཟབ་ཀྱིས་ཚོར་བ་ཤུགས་ཆེ་ཡོད་པ་མ་ཟད། ང་ཚོ་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པ་སོགས་ཀྱིས་གློག་བརྙན་དུས་སྟོན་འདིར་ཞུགས་ཐུབ་པར་དགའ་ཚོར་བྱུང་བ་འགྲེལ་བརྗོད་གནང་གི་འདུག

རྡ་རམ་ས་ལའི་གློག་བརྙན་དུས་སྟོན་འདིར་གློག་བརྙན་མང་ཆེ་བ་བུད་མེད་འཁྲབ་འཁྲིད་པས་བཟོས་པ་ཞེ་གཅིག་ཆགས་ཡོད་ཅིང་། བོད་དོན་དང་འབྲེལ་བའང་“ས་མཐའི་ལས་དབང་”དང་“ཆུ་འཐག” “ཤམ་བྷ་ལ་”སོགས་ཁག་ཅིག་གཟིགས་འབུལ་ཞུ་འཆར་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎