དོན་འགྲུབ་དབང་ཆེན་ལགས་ཀྱིས་ཡོ་རོབ་ཀྱི་རྒྱལ་ཁབ་བཅུ་བཞིའི་ནང་བོད་དོན་སྐོར་བསྐྱོད་གནང་བཞིན་འདུག

༢༠༢༢་ལོར་རྒྱ་ནག་ནང་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་བསྐོང་རྒྱུར་ངོ་རྒོལ་ཆེད་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཀྱིས་ཡོ་རོབ་ཀྱི་རྒྱལ་ཁབ་བཅུ་བཞིའི་ནང་བོད་དོན་སྐོར་བསྐྱོད་གནང་བཞིན་འདུག
༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་དེ་༢༠༢༢་ལོའི་ཟླ་༢་པའི་ནང་རྒྱ་ནག་ནང་འཚོགས་གཏན་འཁེལ་ཡོད་ནའང་། རྒྱལ་སྤྱིིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་དང་མི་སྒེར། དེ་བཞིན་རྒྱལ་ཁབ་མང་པོའི་གྲོས་ཚོགས་འཐུས་མི་སོགས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུརྐི་སི་ཐན་གྱིས་གཙོས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་འོག་གི་གྲངས་ཉུང་མི་རིགས་དང་། རྒྱ་རིགས་དམངས་གཙོ་དོན་གཉེར་བར་གཉའ་གནོན་དྲག་གནོན་བསྟུད་མར་བྱས་དང་བྱེད་བཞིན་པར་མ་ཟད། ༢༠༠༨་ལོར་པེ་ཅིང་དུ་ཨོ་ལིམ་པིཀསི་མ་འཚོགས་གོང་རྒྱ་ནག་གཞུང་གིས་ཁས་ལེན་བྱས་པ་གཅིག་ཀྱང་ལག་ལེན་དུ་བསྟར་མེད་པའི་ཁར་ཇེ་སྡུག་ཏུ་སོང་ཡོད་པས། ༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་རྒྱ་ནག་ནང་འཚོག་རྒྱུ་དེ་འོས་འཚམས་ཤིག་མིན་པར་ངོས་བཟུང་ནས་ངོ་རྒོལ་བྱེད་བཞིན་ཡོད། ངོ་རྒོལ་བའི་ཁྲོད་བོད་མིའི་ཚོགས་པ་སྐྱིད་སྡུག་དང་མི་སྒེར་སོགས་ཀྱང་ཐེ་ཡོད་པའི་ཁྲོད། ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཀྱིས་ཟླ་འདིའི་ཚེས་༡༨་ཉིན་ཧྥ་རན་སི་ནས་འགོ་བཙུགས་ཏེ་ཡོ་རོབ་ཀྱི་རྒྱལ་ཁབ་བཅུ་བཞིའི་ནང་བོད་དོན་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ་རེད། དོན་འགྲུབ་དབང་ཆེན་ལགས་ཀྱིས་གསུངས་ན། སྤྱིར་ན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་ལ། ལྷག་པར་དུ་བོད་དེ་རྒྱ་ནག་གི་བཙན་དབང་འོག་བཙོན་ཁང་ཆེན་པོ་ཞིག་དང་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་དུ་གཏོང་བཞིན་པའི་གནས་སྟངས་ཤར་ཡོད། བོད་ཙམ་མིན་པར། ཧོང་ཀོང་དང་ཤར་ཏུརྐི་སི་ཐན་ཚང་མ་གཅིག་མཚུངས་སུ་གཟིགས་དང་། དེ་བས་ད་རེས་གོ་སྐབས་དམ་འཛིན་གྱིས་བོད་དོན་སྐོར་བསྐྱོད་དང་མཉམ་བོད་དོན་ཞུ་གཏུག་དང་། རྒྱ་ནག་གཞུང་གི་བྱ་སྤྱོད་ཐེར་འདོན་བྱེད་བཞིན་ཡོད། རྒྱལ་སྤྱིའི་རྒྱལ་ཁབ་སོ་སོའི་འབྲེལ་ཡོད་ཚན་པ་དང་རྩེད་འགྲན་པ་ཚང་མས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱས་ཏེ། རྒྱ་ནག་གི་ལག་ཆར་མི་འགྱུར་རྒྱུའི་རེ་བ་བཅིངས་བཞིན་ཡོད་པ་གསུངས་བྱུང་།
༢༠༠༨་ལོའི་ཨོ་ལིམ་པིཀསི་རྒྱ་ནག་ནང་མ་འཚོགས་གོང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། པེ་ཅིང་ཨོ་ལིམ་པིཀསིའི་ཐད་ཀྱི་ལྟ་ཚུལ་རྒྱུས་ལོན་ཆེད། ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་གསང་བའི་སྒོ་ནས་བོད་ཡུལ་དུ་སོང་ནས་དངོས་སུ་སྒྲ་འཇུག་དང་བརྙན་པར་བླངས་པ་སོགས་ལས་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་བཟོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁྱབ་བསྒྲགས་ཆེན་པོ་བྱེད་ཐུབ་བྱུང་བ་དང་། དེའི་རྐྱེན་གྱིས་དོན་འགྲུབ་དབང་ཆེན་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་མི་ལོ་དྲུག་གི་རིང་བཙོན་འཇུག་མནར་གཅོད་བཏང་བ་མ་ཟད། ༢༠༡༤་ལོར་བཙོན་ཡུན་ཚང་ཡང་བཟང་བཙོན་འོག་ལོ་གསུམ་ལ་ལྟ་རྟོགས་བྱས་ཤིང་། ༢༠༡༧་ལོར་ལྷོ་ཤར་ཨེ་ཞི་ཡའི་རྒྱལ་ཁབ་ཁག་ཅིག་བརྒྱུད་ནས་མཐར་ཨ་རིར་བྲོས་བྱོལ་དུ་ཕེབས་ཐུབ་པ་བྱུང་ཡོད་པ་རེད།
མི་ལོ་༡༣་ལྷག་གི་རྗེས་སུ། དོན་འགྲུབ་དབང་ཆེན་ལགས་ཡང་ཐེངས་ཤིག་ལ་ཨོ་ལིམ་པིཀསི་རྒྱ་ནག་ནང་འཚོག་རྒྱུར་ངོ་རྒོལ་དང་བོད་དོན་ཞུ་གཏུག་གི་ལས་འགུལ་ནང་ཞུགས་ཡོད་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་གང་ཐུབ་ཐུབ་ཀྱིས་ད་རེབ་ཀྱི་ལས་འགུལ་འདི་ལ་རྒྱབ་སྐྱོར་བྱས་ཡོད་པ་གསུངས་བྱུང་།
ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་དམིགས་ཡུལ་དོན་ཚན་གསུམ་སེམས་ལ་བཟུང་ནས། ཡོ་རོབ་ཀྱི་རྒྱལ་ཁབ་༡༤་ནང་སྐོར་བསྐྱོད་ཞུ་གཏུག་བྱེད་བཞིན་པ་དང་། ལས་འགུལ་སྐབས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་སྒྲིག་འཛུགས་ཁག་དང་མཉམ་འབྲེལ་བྱེད་རྒྱུ་དང་། གྲོས་ཚོགས་འཐུས་མིར་ཐུག་འཕྲད། གསར་འགྱུར་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་ཞུ་རྒྱུ་ཡིན་པ་དང་། རྒྱལ་ཁབ་༡༤་ནི་ཧྥ་རན་སི་དང་ནོར་ཝེ། སྦེལ་ཇམ། སུད་ཌན། ཇར་མི་ནི། དབྱིན་ཡུལ། ལི་ཐོ་ནི་ཡ། ཌན་མག སུད་སི། ཨི་སི་ཀྲི་ཡ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཨེ་སི་ཏོ་ནི་ཡ། ལི་ཊི་ཝི་ཡ་བཅས་ཡིན་ཞིང་། ད་རེབ་ཀྱི་ལས་འགུལ་འདི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱིས་གོ་སྒྲིག་གནང་བ་དང་། ལས་འགུལ་དེ་༢༠༢༢་ལོའི་ཟླ་༢་པའི་ཚེས་༡༠་ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་མཇུག་བསྡོམ་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།