རྡ་རམ་ས་ལའི་ས་གནས་འགོ་འཛིན་གྱི་དངོས་གཞིའི་འོས་བསྡུ་འགོ་འཛུགས་གནང་སོང་།

ཕྱི་ཟླ་ ༦ པའི་ཚེས་ ༣ ཉིན་སྐབས་ ༢༣ པའི་རྡ་རམ་ས་ལའི་ས་གནས་འགོ་འཛིན་གྱི་དངོས་གཞིའི་འོས་བསྡུ་འགོ་འཛུགས་གནང་ཡོད་པ་དང་། དངོས་གཞིའི་འོས་བསྡུའི་འོས་མི་གཉིས་ཏེ་ལས་ཐོག་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་དང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་དཀོན་མཆོག་མིག་དམར་ལགས་རྣམ་གཉིས་ཡིན་འདུག
འདི་གའི་རླུང་འཕྲིན་ཁང་ནས་བཞུགས་སྒར་རྡ་རམ་ས་ལར་གནས་བཞུགས་བོད་མིའི་ཁག་ཅིག་ལ་འདི་གའི་ས་གནས་འགོ་འཛིན་ལ་ཆ་རྐྱེན་ཇི་དགོས་སྐོར་དང་མ་འོངས་པར་རེ་བ་ཇི་ཡོད་སྐོར་བཅར་འདྲི་ཞུས་པར། མི་མང་ཕལ་ཆེ་བས་ས་གནས་འགོ་འཛིན་ལ་གང་ཟག་སུ་འདྲ་ཞིག་འོས་འདེམས་བྱུང་ཚེ། མི་དྲང་པོ་ཞིག་དང་། མི་མང་གི་དཀའ་སྡུག་ལ་བསམ་ཤེས་ཀྱིས་ཕྲལ་དུ་རོགས་པ་བྱེད་ཐུབ་མཁན་ཞིག་དགོས་པ་མ་ཟད། གནས་ཡུལ་རྒྱ་གར་ས་གནས་གཞུང་དང་འབྲེལ་བ་དམ་ཟབ་ཏུ་གཏོང་ཐུབ་མཁན་ཞིག་དགོས་པ་འགྲེལ་བརྗོད་གནང་གི་འདུག
ཁ་སྔོན་ཕྱི་ཟླ་ ༥ པའི་ཚེས་ ༡༠ ཉིན་སྔོན་འགྲོའི་འོས་བསྡུའི་སྐབས་ཀུན་དགའ་ཚེ་རིང་ལགས་སུ་འོས་གྲངས་ ༦༣༣ དང་། ཀུན་མཆོག་མིག་དམར་ལགས་སུ་འོས་གྲངས་ ༧༥༣ ཐོབ་ཏེ་སྔོན་འགྲོའི་སྐབས་དཀོན་མཆོག་མིག་དམར་ལགས་སུ་འོས་ཤོག་མང་ཤོས་ཐོབ་ཡོད་པ་དང་། གཞི་རྩའི་ཆ་ནས་སྔོན་འགྲོའི་འོས་བསྡུའི་ནང་ཆ་ཤས་ལེན་མཁན་བོད་མི་ ༡༦༠༠ ལྷག་བྱུང་འདུག་པ་དེ་ནི་སྤྱི་ཡོངས་ཀྱི་རྡ་རམ་ས་ལའི་མི་འབོར་གཞིགས་ན། ཆ་ཤས་ལེན་མཁན་ཧ་ཅང་གི་ཉུང་ཉུང་ཡིན་འདུག
རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ཡིན་ཞིང་། ཕྱི་ལོ་ ༡༩༩༢ ལོ་ནས་བཟུང་བཞུགས་སྒར་རྡ་རམ་ས་ལའི་བོད་མིའི་ས་གནས་འགོ་འཛིན་མི་མང་ནས་ཐད་ཀར་འོས་འདེམས་བྱེད་མགོ་བརྩམས་ནས་ད་བར་མི་ལོ་ ༣༠ འཁོར་གྱི་ཡོད་པ་རེད།
ད་རེས་རྡ་རམ་ས་ལའི་ས་གནས་འགོ་འཛིན་གྱི་དངོས་གཞིའི་འོས་བསྡུ་བྱེད་ཡུལ་དེ་བཞིན་ས་ཚིགས་ཁག་ ༡༣ ལ་དབྱེ་ཡོད་པ་ལས། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་། གངས་ཅན་སྐྱིད་གཤོངས། བོད་ཀྱི་སྨན་རྩིས་ཁང་། དྷ་སྟེང་བོད་ཁྱིམ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་ཡིན་འདུག
སྤྱིར་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་བོད་མི་འདུས་སྡོད་ས་ཁུལ་མང་ཆེ་བའི་ས་གནས་འགོ་འཛིན་དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་ཐད་ཀར་བསྐོ་བཞག་གནང་གི་ཡོད་ཀྱང་། བཅའ་ཁྲིམས་དོན་ཚན་ ༡༡ པ་དང་ ༣༨ པའི་ནང་འཁོད་ལྟར་ཁྱད་ཆོས་ལྡན་པའི་ས་གནས་དེ་གའི་ཁུངས་གཏོགས་བོད་མི་སེར་སྐྱ་ཕོ་མོ་ཡོངས་ལ་ས་གནས་འགོ་འཛིན་གྱི་འོས་གཞིར་གཞུག་པ་དང་། འོས་འདེམས་བྱེད་པའི་ཐོབ་ཐང་ཡོད་ཅེས་འཁོད་ཡོད།
གཞན་ཡང་བཞུགས་སྒར་རྡ་རམ་ས་ལ་གཙོས་པའི། ལ་དྭགས་བསོད་ནམས་གླིང་། བལ་ཡུལ་མཆོད་འཇོར་ས་གནས་སོགས་ཀྱི་ས་གནས་འགོ་འཛིན་རྣམས་ས་གནས་སོ་སོའི་མི་མང་ནས་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད་ཅིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༧༦ པར་གཞིགས་ན། ས་གནས་འགོ་འཛིན་གྱི་དུས་ཡོན་མ་རྫོགས་གོང་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས་དེ་མིན་འགོ་འཛིན་དང་། འགོ་འཛིན་ལས་རོགས་ཀྱི་ཡུན་ཚད་ལོ་གསུམ་རེ་ཡིན་པ་འཁོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།