བཙན་བྱོལ་དུ་བོད་ཀྱི་དམངས་གཙོའི་དུས་ཆེན་སྲུང་བརྩིའི་སྐོར།
2008.09.02
༄༅༎ཕྱི་ཟླ་དགུ་པའི་ཚེས་གཉིས་ཀྱི་ཉིན་མོ་དེ་ནི་བོད་ཀྱི་དམངས་གཙོའི་དུས་ཆེན་ཡིན་པར་བརྟེན་ དེ་ཉིན་བརྟེན་བཞུགས་རྡ་རམ་ས་ལར་བོད་གཞུང་དམངས་གཉིས་ནས་དམངས་གཙོའི་དུས་ཆེན་སྲུང་བརྩི་ཞུས་པ་རེད།
བོད་ཀྱི་དམངས་གཙོ་དུས་ཆེན་ཐེངས་ ༤༨ པ་དེའི་ཐོག་བཙན་བྱོལ་བོད་གཞུང་གིས་མི་དམངས་ཡོངས་ཀྱི་དམངས་གཙོའི་ཐོབ་ཐང་ལས་དམངས་གཙོའི་ལས་འགན་དེ་གལ་འགངས་ཆེ་བར་བརྩི་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། དུས་ཆེན་གྱི་མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་གི་ཆོས་དང་རིག་གཞུང་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་ཡོད་པ་རེད།
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་ཟླ་བ་ནས་སྐུ་ངལ་གསོས་ཏེ་བཞུགས་ཡུལ་རྒྱ་གར་གྱི་གྲོང་ཁྱེར་སྦོམ་སྦེ་དུ་ཕེབས་བཞུགས་སུ་ཡོད་པས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་སྐུ་བཅར་ལ་བརྟེན་ དེ་ཉིན་བཞུགས་སྒར་རྡ་རམ་ས་ལར་བཞུགས་མེད་ཙང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་བཀའ་བློན་ཁྲི་པའི་སྐུ་ཚབ་ཀྱི་ཐོག་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་ཡོད་པ་རེད། བཀའ་ཤག་གི་གསུང་འཕྲིན་ནང་ལ་གཙོ་བོ་བོད་ཀྱི་ད་ལྟའི་དུས་ཚོད་ཛ་དྲག་དང་གཉན་འཕྲང་དེའི་སྐབས་ ངེས་པར་དུ་བོད་མི་ཡོངས་ཀྱིས་དམངས་གཙོའི་ཐོབ་ཐང་ལས་ལས་འགན་དེ་གལ་འགངས་ཆེ་བར་བརྩི་དགོས་པ་དང་ལྷག་པར་དུ་མི་སྒེར་དང་ཚོགས་པ་ཁག་གི་ཁེ་ཕན་ལས་མི་རིགས་དང་སྤྱི་ཚོགས་ཀྱི་ཁེ་ཕན་གལ་འགངས་ཆེ་བར་བརྩི་དགོས་པ། འགལ་ཟླའི་སྟོབས་ཤུགས་ལ་ཁ་གཏད་གདོང་ལེན་བྱ་རྒྱུའི་ཆེད་དུ་བོད་མི་སྤྱིའི་ནུས་ཤུགས་ཆིག་བསྒྲིལ་དགོས་པའི་ནན་བརྗོད་གནང་ཡོད་པ་རེད། བོད་ནང་དུ་རྒྱ་མིའི་དྲག་གནོན་འོག་གནས་བཞིན་པའི་བོད་མི་ཚོས་མི་ལོ་༦༠ ཙམ་རིང་མྱངས་པའི་དཀའ་སྡུག་དང་མནར་གཅོད། བོད་མི་རིགས་ཆགས་འཇིགས་ཀྱི་གནས་སུ་ལྷུང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་དབང་ཆ་གཅིག་སྡུད་ཀྱི་སྲིད་དབང་རིང་ལུགས་འོག་བོད་མིའི་ཆབ་སྲིད་དང་སྤྱི་ཚོགས། རིག་གཞུང་སོགས་དང་འབྲེལ་བའི་བོད་མིའི་གཞི་རྩའི་ཐོབ་ཐང་རྣམས་རྩ་མེད་བཏང་བར་བརྟེན་ནས་འབྱུང་བ་ཞིག་ཡིན་པ་དང༌། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལྟ་གྲུབ་གུ་ཡངས་དང་རང་དབང༌། ཕྱི་གསལ་ནང་གསལ་གྱི་གནས་བབ་ཅིག་ཏུ་མ་འགྱུར་བར་བོད་ཀྱི་གནད་དོན་གཏན་དུ་སེལ་ཐུབ་ཐབས་དཀའ་བར་བརྟེན་བོད་མི་ཚོའི་ངོས་ནས་གུ་ཡངས་དང༌། རང་དབང་ཕྱི་གསལ་ནང་གསལ་གྱི་གོམས་གཤིས་གོང་འཕེལ་དང་ལག་བསྟར་བྱ་རྒྱུར་འབད་བརྩོན་ཧུར་ལེན་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།