དམ་དྲག་ལ་མ་བལྟོས་བར་༧གོང་ས་མཆོག་ལ་དད་པ་འགྱུར་བ་མི་འདུག


2016.09.12
མཚོ་སྔོན་ཕྱོགས་ཀྱི་བོད་མི་ཁག་གཅིག་གིས་༧གོང་ས་མཆོག་གི་སྐུ་པར་ལ་སྨོན་ལམ་སྐྱོན་བཞིན་པ། མཚོ་སྔོན་ཕྱོགས་ཀྱི་བོད་མི་ཁག་གཅིག་གིས་༧གོང་ས་མཆོག་གི་སྐུ་པར་ལ་སྨོན་ལམ་སྐྱོན་བཞིན་པ།
པར་ཚགས།

རྒྱ་ནག་གཞུང་གི་ཤུགས་ཆེའི་དམ་དྲག་ཡོད་མིན་ལ་མ་བལྟོས་བར་བོད་ནང་གི་བོད་མི་ཚོའི་༧གོང་ས་མཆོག་གི་དད་སེམས་སྲ་བརྟན་འདུག་ཟེར།
རྒྱ་ནག་གཞུང་གི་ཤུགས་ཆེའི་དམ་དྲག་ཡོད་མིན་ལ་མ་བལྟོས་བར་མདོ་སྨད་རྔ་བ་ཁུལ་གྱི་བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་མོས་ཆེན་པོ་ཞུ་བཞིན་པའི་རྣམ་པ་རེད་འདུག
དེ་ཡང་News Asia་ཞེས་པའི་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཁག་ཅིག ཨ་མདོ་རྔ་བ་ཕྱོགས་སུ་འཛུགས་སྐྲུན་ཡར་རྒྱས་ཇི་ལྟར་གཏོང་གི་ཡོད་མེད་ཀྱི་གནས་སྟངས་རྒྱུས་ལོན་ཆེད་རྒྱ་ནག་གཞུང་གིས་བལྟ་སྐོར་གོ་བསྒྲིགས་ཞུས་ཡོད་འདུག་པ་དང་། སྐབས་དེར་གསར་འགོད་པ་Jeremy Koh་ཇེ་རི་མི་ཀོས་གཟིགས་ཚུལ་ཇི་བྱུང་འདི་ཚེས་༡༢་ཉིན་གནས་ཚུལ་སྤེལ་བའི་ནང་། རྔ་བ་རང་སྐྱོང་ཁུལ་གྱི་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་གཞོན་པ་ Feng Yu་དང་ཐུག་འཕྲད་སྐབས། མི་མང་ཚང་མར་ཆོས་ཉམས་ལེན་བྱེད་དང་མི་བྱེད་རང་དབང་ཆ་ཚང་ཡོད་རེད་ཅེས་འགྲེལ་བརྗོད་བྱས་འདུག་པ་དང་། གསར་འགོད་པ་ཚོ་མཛོད་དགེ་རྫོང་ཁོངས་ཀྱི་ཏ་བཀྲ་ནང་བསྟན་སློབ་གླིང་ཞེས་བའི་དགོན་པ་ཞིག་ཏུ་བལྟ་སྐོར་དུ་འཁྲིད་པའི་སྐབས་སུའང་དགོན་པའི་འགན་འཛིན་ནས་ཀྱང་བོད་བརྒྱུད་ནང་ཆོས་དང་རིག་གཞུང་སོགས་ཁྱབ་སྤེལ་བྱེད་རྒྱུར་འགོག་རྐྱེན་མེད་པ་དང་། ལྷག་པར་དུ་མང་ཚོགས་དང་གཞུང་དབར་འབྲེལ་བ་ཡག་པོ་ཡོད་ལུགས་གསར་འགོད་པས་བཅར་འདྲི་གནང་བའི་སྐབས་ལན་འདེབས་བྱས་ཡོད་འདུག
ཡང་གོང་ཞུས་གསར་འགོད་པས་མུ་མཐུད་ནས་བཀོད་པར་ལྟར་ན། ཁོང་རྣམས་ཁུལ་དེར་བལྟ་བསྐོར་གནང་བའི་སྐབས་སུ་བོད་མི་ཚོར་༧གོང་ས་ཏཱ་ལའི་བླ་མའི་སྐོར་བསམ་ཚུལ་དྲིས་དུས་ཚང་མས་ཞེད་སྣང་བྱེད་ཀྱི་འདུག ཡིན་ནའང་མཐའ་མ་ཚོང་ཁང་ཞིག་གི་ནང་བོད་རིགས་ན་གཞོན་ཞིག་གིས། ང་ཚོ་ནང་པ་ཡིན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་བཞིན་ཡོད་ཅེས་ལན་རྒྱབ་པ་དང་། དེ་བཞིན་ཚོང་ཁང་གཞན་ཞིག་གི་ནང་བོད་མི་ཞིག་གིས། འཛམ་གླིང་ནང་བོད་མི་ཚང་མས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་ཞུ་གི་ཡོད་པ་ལྟར་ང་ཚོའི་ནང་མི་ཚོས་ཀྱང་གུས་བརྩི་ཞུ་གིན་ཡོད་ཅེས་བཤད་མ་ཐག་རྒྱ་རིགས་གཉིས་ཚོང་ཁང་ནང་སླེབས་ཙང་སྐད་ཆ་བཤད་མཚམས་བཞག་སོང་བས་དེ་ནི་ཞེད་སྣང་གི་རྣམ་པ་ཞིག་མངོན་ཐུབ་ཀྱི་འདུག གང་ལྟར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ཕྱི་ཕྱོགས་སུ་ཡོད་པའི་ཟི་ཁྲོན་ཞིང་ཆེན་གྱི་རྔ་བ་ཁུལ་དམ་དྲག་བྱས་པ་ལས་ཞེད་སྣང་ཡོད་མིན་ལ་མ་ལྟོས་པར་བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དང་གུས་བརྩི་རྩེ་གཅིག་ཏུ་ཞུ་བཞིན་ཡོད་པའི་རྣམ་པ་ཡོད་པའི་གནས་ཚུལ་སྤེལ་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎