ཡེ་ཤུའི་ཆོས་དཔོན་ཀྲུ་ཀྲུ་ཡིས་་གཞུང་ལ་སྐྱོན་བརྗོད།
2011.10.06
༄༅༎ལྷོ་ཨཕ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་གིས་གཞུང་ནས་མང་གཙོའི་འགྲོ་སྟངས་ལ་བཏང་འཛིན་བྱེད་ཕྱོགས་ལ་སྐྱོན་བརྗོད་གནང་ཡོད་འདུག
ཡེ་ཤུའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་ནི་ལྷོ་ཨཕ་རི་ཀ་ཙམ་མ་ཡིན་པར་འཛམ་གླིང་ནང་ཤིན་ཏུ་སྙན་གྲགས་ཆེ་བའི་ནོ་བྷེལ་ཞི་བདེའི་གཟེངས་རྟག་བཞེས་མྱོང་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པ་དང་། ཁོང་ནི་ཨཕ་རི་ཀའི་ནང་མི་རིགས་དཀར་ནག་གི་དབྱེ་འབྱེད་སྐབས་མི་རིགས་ནག་པོ་ཚོའི་ཐོབ་ཐང་སྲུང་སྐྱོབ་ཆེད་འཐབ་རྩོད་གནང་མཁན་ཞིག་ཀྱང་ཡིན་པ་རེད། འོན་ཀྱང་ད་རིང་ཚེས་དྲུག་ཉིན་ཁོང་རང་ཉིད་དགུང་གྲངས་བརྒྱད་ཅུ་ཐམ་པར་ཕེབས་པའི་དུས་ཚོད་འདིར་རང་ཉིད་ཀྱི་སྲིད་གཞུང་ནས་མང་གཙོའི་ལམ་ལུགས་ལ་བརྩི་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་ལ་ཐུགས་ཕམ་ཆེན་པོ་གནང་ཡོད་པ་རེད། དེ་ཡང་ཁོང་དང་ཐུགས་འདྲིས་ཆེན་པོ་ཡོད་མཁན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོའི་ཐོག་མཉམ་ཞུགས་གནང་བར་དམིགས་བསལ་གདན་འདྲེན་ཞུས་གནང་བ་མ་ཟད་༧གོང་ས་མཆོག་གིས་ཀྱང་ཕེབས་རྒྱུའི་ཞལ་བཞེས་གནང་ཡོད་ཀྱང་སྐབས་མཚམས་བར་ཁུལ་དེར་ཆིབས་བསྒྱུར་གནང་ཆོག་པའི་ཐོངས་མཆན་མ་ཕུལ་བར་བརྟེན་ཡུལ་དེའི་སྲིད་གཞུང་ལ་མཛད་དཀའ་མི་ཡོང་བའི་ཆེད་ཕྱིར་འཐེན་གནང་དགོས་བྱུང་ཡོད་པ་རེད། ད་རིང་འཁྲུངས་སྐར་ཉིན་མོར་ཆོས་དཔོན་དེཤ་མན་ ཀྲུ་ཀྲུ་མཆོག་ལ་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་དགོངས་ཚུལ་བཀའ་འདྲི་ཞུས་པའི་བཀའ་ལན་དུ། ང་ཚོས་དེ་སྔ་མི་རིགས་དབྱེ་འབྱེད་ཀྱི་དུས་སྐབས་སུ་མི་རིགས་ཚང་མར་ཐོབ་ཐང་འདྲ་མཉམ་དགོས་པའི་འཐབ་རྩོད་མང་པོ་བྱེད་མྱོང་ཡོད་རེད་ལ་དེར་གཞིགས་པས་བདེན་པར་རྒྱལ་ཁ་ཐོབ་ཡོད་རེད། དེ་འདྲའི་གནས་སྟངས་འོག་ནས་གཞུང་འཛིན་མཁན་ཞིག་ནས་མི་རིགས་ག་འདྲ་ཞིག་ཡིན་རུང་དགའ་བསུ་ཞུ་དགོས་པ་ཞིག་ཆགས་ཀྱི་ཡོད་རེད། འོན་ཀྱང་དེ་ལྟར་མ་ཡིན་པར་ལངས་ཕྱོགས་འཛིན་སྟངས་འདི་འདྲ་ཞིག་བྱེད་པ་ནི་བློ་ཕམ་འོས་པ་ཞིག་རེད་ཅེས་ད་རེས་སྲིད་གཞུང་ནས་༧གོང་ས་མཆོག་ལ་ཐོངས་མཆན་མ་འབུལ་བ་དེར་སྐྱོན་བརྗོད་གནང་ཡོད་པ་རེད། ཡང་ཁོང་གིས་མུ་མཐུད་ནས་ད་ལྟའི་གཞུང་འཛིན་ཚོགས་པའི་འགོ་འཁྲིད་ཟུར་པ་རྣམས་དང་ཐུགས་འདྲིས་ཆེན་པོ་ཡོད་ཀྱང་ད་ལྟའི་སྲིད་འཛིན་ཇ་ཀོབ་ ཛུ་མའི་མཉམ་འབྲེལ་བ་ལྷུག་པོ་ཡོང་གི་མེད་པ་མ་ཟད་ཁོང་གི་འབྲེལ་བ་གནང་བའི་སྐབས་སུའང་བརྡ་ལན་གནང་གི་མེད་པའི་སྐོར་ཡང་གསུངས་འདུག