སྤྱི་འཐུས་ཚོགས་གཞོན་མཆོག་གིས་རྒྱ་གར་གྱི་བློན་ཆེན་གཞོན་པ་དང་མཇལ་འཕྲད་གནང་འདུག
2018.05.02

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་རྒྱ་གར་དབུས་གཞུང་གི་ཁེ་གཉེར་ལས་ཁང་འབྲིང་བ་དང་ཆུང་བ་ཁག་གི་བློན་ཆེན་གཞོན་པ་(Giriraj Singh)མཆོག་དང་མཇལ་འཕྲད་གནང་འདུག
དེ་ཡང་འདི་ཚེས་༡་གཟའ་མིག་དམར་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་ཀྱི་གྲོང་ཁྱེར་(Palampur)ནང་གི་(CSIR-Institute of Himalayan Bioresource Technology) ་ཞེས་པའི་ཞིབ་འཇུག་ལྟེ་གནས་ཁང་ནང་ རྒྱ་གར་དབུས་གཞུང་གི་ཁེ་གཉེར་ལས་ཁང་འབྲིང་བ་དང་ཆུང་བ་ཁག་གི་བློན་ཆེན་གཞོན་པ་(Giriraj Singh)མཆོག་དང་མཇལ་འཕྲད་གནང་སྐབས། ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་གནང་སྟེ་རྒྱ་གར་གྱི་བློན་ཆེན་གཞོན་པ་མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་དོན་དུ་བོད་ནང་རྒྱ་ནག་གཞུང་གིས་སྲིད་ཇུས་མཁྲེགས་པོ་མུ་མཐུད་འཛིན་བཞིན་པའི་རྐྱེན་གྱིས་བོད་མི་རྣམས་བཟོད་ཐབས་བྲལ་ཏེ་རང་ལུས་མེར་བསྲེགས་གནང་བའི་སྐོར། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ངོ་སྤྲོད་ཞུས་པ་དང་བོད་ཀྱི་གསོ་བ་རིག་པའི་གལ་གནད་སོགས་ཀྱི་སྐོར་ལ་ཡང་ཞུས་འདུག
ཡང་རྒྱ་གར་དབུས་གཞུང་གི་བློན་ཆེན་གཞོན་པ་(Giriraj Singh)་མཆོག་ད་རེས་པ་ལམ་པུར་ནང་ཕེབས་སྐབས་ལས་དོན་མང་བའི་རྐྱེན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་ཕེབས་མ་ཐུབ་པར་ཐུགས་ཕམ་བྱུང་བ་དང་། འབྱུང་འགྱུར་སྤྱི་འཐུས་ལྷན་ཁང་ལ་འཚམས་གཟིགས་དང་སྐུའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་ལགས་མཇལ་འཕྲད་ཆེད་ཕེབས་རྒྱུའི་ཞལ་བཞེས་གནང་འདུག་ལ་ད་དུང་ཁོང་གིས་ད་བར་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ཇི་ལྟར་གནང་སྐོར་སྤྱི་དང་ལྷག་དོན་དུ་ད་ལྟའི་རྒྱ་གར་གྱི་སྲིད་བློན་(Modi)མཆོག་གིས་དབུ་འཁྲིད་པའི་གཞུང་འཛིན་གྱིས་བོད་དོན་ཐོག་རྒྱབ་སྐྱོར་གང་འདྲ་གནང་གི་ཡོད་སྐོར་གསུངས་པ་མ་ཟད། མ་འོངས་པ་ཡང་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་མུ་མཐུད་ནས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་འདུག
སྔོན་འཆར་ལྟར་ན་རྒྱ་གར་དབུས་གཞུང་གི་བློན་ཆེན་གཞོན་པ་(Giriraj Singh)་མཆོག་བཞུགས་སྒར་རྡ་རམ་ས་ལར་ཕེབས་འཆར་ཡོད་ན་ཡང་མཛད་བྲེལ་ཆེ་བའི་རྐྱེན་གྱིས་ཕེབས་མ་ཐུབ་སྟབས་ཚོགས་གཞོན་མཆོག་པ་ལམ་པུར་ལ་ཕེབས་གནང་ཡོང་བའི་མགྲོན་འབོད་གནང་བ་ལྟར་ཆེད་བཅུར་ཞུས་པ་ཞིག་ཡིན་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།