རྒྱ་གར་ནང་མཁའ་རླུང་འབག་གཙོག་གི་དཀའ་ངལ་མུ་མཐུད་ཡོད་འདུག


2017.11.13
ལྡི་ལི་གནམ་ཐང་གི་དུ་ཞགས་ཁྲོད་ཀྱི་ཉི་མ། ༢༠༡༧།༡༡།༩ ལྡི་ལི་གནམ་ཐང་གི་དུ་ཞགས་ཁྲོད་ཀྱི་ཉི་མ། ༢༠༡༧།༡༡།༩
Lhuboom/RFA

རྒྱ་གར་ནང་མཁའ་རླུང་འབག་གཙོག་ཁྲོད་སློབ་གྲྭ་ཚུགས་བཞིན་པར་མི་མང་གིས་ཁོང་ཁྲོ་ཆེན་པོས་གཞུང་ལ་སྐྱོན་འཛུགས་བྱེད་བཞིན་འདུག
བདུན་ཕྲག་སྔོན་མ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཉེ་འཁོར་གྱི་གྲོང་ཁྱེར་ཁག་ནང་མཁའ་རླུང་འབག་གཙོག་ཤོར་ནས་ནམ་མཁར་དུ་བ་ནག་པོ་འཁྲུགས་ནས་ཉིན་མོ་མཚན་མོ་ལྟར་གྱུར་པའི་རྗེས། སྨན་པས་མཁའ་རླུང་འབག་གཙོག་གིས་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ལ་ཉེན་ཁ་ཡོད་པའི་ཛ་དྲག་གསལ་བསྒྲགས་གནང་བ་དང་ལྡི་ལི་ས་གནས་སྲིད་གཞུང་གིས་སློབ་གྲ་རྣམས་སྒོ་རྒྱབ་པ་དང་། ཨར་པོ་སོགས་རྒྱག་མཚམས་བཞག་འདུག
དེ་བཞིན་ཕྱི་ནས་རྒྱལ་སའི་ནང་དོད་པོ་སྐྱེལ་མཁན་(Truck)་རླངས་འཁོར་ཡོང་མི་ཆོག་པ་བཟོས་བ་སོགས་ཀྱི་གནས་ཚུལ་བྱུང་ནས། ད་ལྟའི་ཆར་གནས་སྟངས་ལ་འགྱུར་བ་དེ་ཙམ་ཕྱིན་མེད་ཀྱང་རེས་གཟའ་ཟླ་བའི་ཉིན་ལྡི་ལིའི་ས་གནས་གཞུང་གིས་སློབ་གྲ་རྣམས་བསྐྱར་དུ་སྒོ་ཕྱེ་བར་བརྟེན་ཕྲུ་གུའི་ཕ་མ་རྣམས་ཀྱིས་གཞུང་གིས་ཕྲུ་གུའི་འཕྲོད་བསྟེན་ལ་དགོངས་པ་བཞེས་ཀྱི་མི་འདུག་ཞེས་ཁོང་ཁྲོ་ཆེན་པོའི་ངང་སྐྱོན་འཛུགས་བྱེད་བཞིན་ཡོད་འདུག
ལྡི་ལི་ས་གནས་གཞུང་གིས་སློབ་གྲ་བསྐྱར་དུ་སྒོ་ཕྱེ་དགོས་དོན་ནི། ལོ་འཁོར་ཡིག་རྒྱུགས་གཏོང་ལ་ཉེ་བའི་ཆ་ནས་ཡིན་ལུགས་འགྲེལ་བརྗོད་གནང་འདུག་ཀྱང་རྒྱལ་ས་ལྡི་ལིའི་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་Ashok Agrawal ་ཞུ་བས། ད་ལྟའི་ཆར་ལྡི་ལིའི་མཁའ་རླུང་འབག་གཙོག་གི་གནས་སྟངས་ལ་འགྱུར་བ་ཕྱིན་མེད་པ་དང་། ཕྱོགས་གཅིག་ནས་གཞུང་གིས་སྤྱི་ཚོགས་འཕྲོད་བསྟེན་ལ་ཉེན་ཁ་ཡོད་པའི་ཛ་དྲག་གསལ་བསྒྲགས་གནང་བ་དང་། ཕྱོགས་གཞན་ཞིག་ནས་ཕྲུ་གུའི་འཕྲོད་བསྟེན་ལ་རྩེད་མོ་རྩེད་པ་དེ་ནི་མ་འགྲིག་པ་ཞིག་ཡིན་པའི་སྐོར་གསུངས་གནང་འདུག
དེ་བཞིན་ཁོང་གིས་ནམ་མཁའ་རུ་དུ་བ་ནག་པོ་འཁྲིགས་པའི་དུ་ཞགས་ཀྱིས་ཕྲུ་གུ་རྣམས་གློ་རྒྱབ་པ་དང་། དབུགས་གཏོང་རྒྱུར་དཀའ་ངལ་འཕྲད་པ་སོགས་ཡོང་བཞིན་པར་སོང་ཕ་མ་ཚང་མར་བློ་འཚབ་ཡོད་ལུགས་གསུངས་འདུག
རེས་གཟའ་ཟླ་བའི་ཉིན་དུ་བ་ནག་པོའི་མཐོ་ཚད་༥༠༠་སླེབས་ཡོད་པ་དང་། དེ་ནི་དུ་ཞགས་གློ་བར་ཕྱིན་ནས་སྙིང་གི་ན་ཚ་དང་། གཟའ་གྲིབ་ཀྱི་ནད་སོགས་ཀྱི་ཉེན་ཁ་ཆེ་རུ་འགྲོ་སྲིད་པ་ཞིག་ཡིན་པ་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་གིས་དུ་ཞགས་ཀྱི་མཐོ་ཚད་༢༥་ཙམ་ཡོད་ན་འཕྲོད་བསྟེན་ལ་དཀའ་ངལ་གང་ཡང་མེད་པ་དང་། དུ་བའི་མཐོ་ཚད་༣༠༠ ་སླེབས་ཚེ་དེ་ནི་ཉེན་ཁ་ཅན་ཞིག་ཡིན་ལུགས་གསུངས་ཀྱི་ཡོད་པ་རེད། འོན་ཀྱང་རྒྱལ་ས་ལྡི་ལི་དང་། དེའི་ཉེ་འཁོར་གྲོང་ཁྱེར་ཁག་ནང་དུ་བའི་མཐོ་ཚད་དལྟའང་ལྔ་བརྒྱའི་སྟེང་བསྡད་ཡོད་སྟབས་དེ་ནི་འཕྲོད་བསྟེན་ལ་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་པ་རེད།
ཕྱི་ལོ་༢༠༡༥་ལོར་ཞིབ་འཇུག་བྱས་པའི་སྙན་ཐོ་གཞིར་བཟུང་བྱས་ན། དགུན་དུས་ཕྲུ་གུ་བཅུ་ནས་བཞི་ལ་དུ་ཞགས་ཀྱི་རྐྱེན་པས་གློ་བའི་ནད་ན་གི་ཡོད་པ་དང་། ཕྱི་ལོ་༢༠༡༥་ལོར་གློ་ནད་དང་འབྲེལ་བའི་ཐོག་ནས་ཕྲུ་གུ་ས་ཡ་གཉིས་དང་ཕྱེད་ཀ་ལྷག་གི་ཚེ་སྲོག་ཤོར་ཡོད་འདུག
རྒྱ་གར་ནང་དགུན་དུས་མཁའ་རླུང་ནང་དུ་བ་ནག་པོ་མང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི། རྒྱལ་སའི་ཉེ་འཁོར་ཀྱི་ཞིང་པ་ཚོས་སྟོན་འབྲས་བསྡུ་བའི་རྗེས་སྙིགས་རོ་རྣམས་མེར་བསྲེག་གཏོང་གི་ཡོད་བའི་ཆ་ནས་ཡིན་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎