འབར་མ་ཀ་ཆིན་མངའ་སྡེའི་སྐུ་ཚབ་ཚོགས་པས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་འདུག


2018.04.18
བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག ༢༠༡༨།༣།༣༡ བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག ༢༠༡༨།༣།༣༡
dalailama.com

མིཡན་མར་ཀ་ཆིན་གྱི་སྐུ་ཚབ་ཚོགས་པས་རྡ་རམ་སཱ་ལར་གཟིགས་སྐོར་དང་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་མཇལ་བཅར་ཞུས་འདུག
དེ་ཡང་ཕྱི་ཟླ་ ༤ ཚེས་ ༡༨ ཉིན་མིཡན་མར་རམ་འབར་མ་ཡུལ་གྱི་ཀ་ཆིན་ས་ཁུལ་ནས་འགྲོ་བ་མིའི་བདེ་དོན་འཐབ་རྩོད་བྱེད་མཁན་མཉམ་འབྲེལ་ཚོགས་པ་ཁག་ ༩ ཡི་སྐུ་ཚབ་མི་སྣ་ ༡o ཆེད་དུ་རྒྱ་གར་རྡ་རམ་ས་ལར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་ཡོད་པ་དང་། སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྒུམ་ཞཱ་ཨོང་(Gum Sha Aung)ལགས་ཀྱིས་འདི་གའི་གསར་འགོད་པར། ང་ཚོར་༧གོང་ས་མཆོག་མཇལ་རྒྱུའི་གོ་སྐབས་བྱུང་བ་ནི་འཐུས་ཚབ་རྣམས་ལ་མཚོན་ན་ཧ་ཅང་དམིགས་བསལ་གྱི་ཉིན་མོ་ཞིག་དང་། ཁོང་གིས་ང་ཚོ་ལ་སེམས་ཤུགས་འཕར་མ་སྦྱིན་བྱུང་། ཁོང་ནི་འཚེ་མེད་ཞི་བའི་ཐོག་དངོས་སུ་བཞུགས་པའི་སངས་རྒྱས་དངོས་བྱོན་ཞིག་རེད་ཅེས་གསུངས་འདུག
ཀ་ཆིན་མངའ་སྡེའི་རང་བཙན་འཐབ་རྩོད་པས་འབར་མའམ་མིཡན་མར་གཞུང་ལ་ཕྱི་ལོ་ ༡༩༦༡ ལོར་དྲག་རྒོལ་བྱས་འགོ་བཙུགས་ཤིང་། ཕྱི་ལོ་ ༡༩༩༤ ནས་ ༢༠༡༡ བར་ལོ་བཅུ་བདུན་ཙམ་རིང་དམག་འཐབ་བར་མཚམས་ཆད་ཡོད་ན་ཡང་། ད་ཆ་གཞུང་གི་དམག་མི་དང་ཀ་ཆེན་རང་བཙན་འཐབ་རྩོད་པའི་དམར་དྲག་རྒོལ་ཡོད་མུས་ཀྱི་ས་གནས་ཤིག་ཡིན་པ་རེད།  ད་རེས་རྡ་རམ་ས་ལར་ཕེབས་པའི་ཀ་ཆེན་མངའ་ཁུལ་གྱི་སྐུ་ཚབ་ཚོགས་པ་དེས་ཁོང་ཚོས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ལས་འཆར་དང་། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་སྲུང་སྐྱོབ་ཀྱི་ལས་དོན་སོགས་ལས་ལེགས་ཆ་བླངས་རྒྱུའི་ཆ་རྐྱེན་ཡོད་པ་བརྗོད་འདུག
ཕྱི་ཟླ་ ༤ ཚེས་ ༡༧ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་ནང་སྐུ་ཞབས་སྒུམ་ཞཱ་ཨོང་ལགས་ཀྱིས་སྣེ་ཁྲིད་པའི་ཀ་ཆེན་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་སྒྲིག་འཛུགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ལས་ཁུངས་ཁག་དང་ལྷན་ཁང་ཁག་གི་ཉིན་རེའི་ལས་དོན་གནང་ཕྱོགས་སྐོར། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་ཁག་སོགས་ཀྱི་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་བ་མ་ཟད། བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་པར་བོད་ཀྱི་ཐུན་མིན་ཆོས་དང་ལེགས་བྱང་། སྐད་ཡིག་བཅས་ཀྱི་གལ་གནད་ཤེས་པའི་ཐོག་ནས་དེ་དག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེ་ཚུལ་དང་། དེ་བཞིན་བོད་ནང་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཆབ་སྲིད་ཀྱི་གནས་སྟངས་སྤྱི་དང་། ལྷག་པར་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་འདུག
གོང་བརྗོད་སྐུ་ཚབ་ཚོགས་པ་དེས་ཉིན་གཅིག་གི་སྔོན་ལ་བོད་མི་མང་སྤྱི་འཐུས་ལྷན་ཁང་དང་། བཞུགས་སྒར་རྡ་ས་ཁུལ་གྱི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག སློབ་གྲྭ་སོགས་ནང་གཟིགས་སྐོར་དུ་ཕེབས་ཡོད་པ་རེད།

གསར་འགོད་པ་སངས་རྒྱས་རྡོ་རྗེ་དང་། ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎