ཉམས་ཐག་ཨ་མ་ཞིག་གིས་རང་གི་ཕྲུ་གུ་བཞི་དམར་བསད་བཏང་འདུག
2016.09.13
རྒྱ་ནག་ནང་དབུལ་ཕོངས་ཉམས་ཐག་ཨ་མ་ཞིག་གིས་རང་ཉིད་ཀྱི་ཕྲུ་གུ་བཞི་དམར་བསད་བཏང་རྗེས་དབུལ་ཕྱུག་གི་གླེང་སློང་ཤུགས་ཆེ་བྱུང་བ།
རྒྱ་ནག་ནང་གི་དབུལ་ཕོངས་ཉམས་ཐག་ཨ་མ་ཞིག་གིས་རང་ཉིད་ཀྱི་ཕྲུ་གུ་བཞི་དམར་བསད་བཏང་སྟེ། མཐར་ཨ་མ་དང་ཕྲུ་གུའི་ཕ་གཉིས་ཀས་རང་སྲོག་བཅད་པའི་གནས་ཚུལ་ཐོན་རྗེས་རྒྱ་ནག་གི་དྲ་རྒྱ་ཁག་གི་ནང་རྒྱ་ནག་ནང་དབུལ་ཕྱུག་གི་བར་ཁྱད་ཆེན་པོ་འགྲོ་བཞིན་པའི་གནད་དོན་ཐད་བསམ་ཚུལ་དང་གླེང་སློང་ཤུགས་ཆེ་བྱུང་བཞིན་ཡོད་པ་ཧྥ་རནསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ཟླ་སྔོན་མའི་ཟླ་མཇུག་ཙམ་ལ་རྒྱ་ནག་བྱང་ཤར་ཀན་སུའུ་ཞིང་ཆེན་ནང་ཕྲུ་གུ་བོུ་གསུམ་དང་བུ་གཅིག་བཅས་ཕྲུ་གུ་བཞིའི་ཨ་མ་ལོ་ན་༢༨་ལོན་པ་ཞིག་གིས། རང་ཉིད་ཀྱི་ཕྲུ་གུ་བཞི་ལ་སྟ་རེ་གཞུས་ཏེ་དམར་བསད་བཏང་ཞིང་། དེ་རྗེས་ཨ་མ་རང་ཉིད་ཀྱང་དུག་འཐུང་ཏེ་རང་ཤི་བརྒྱབ་ཡོད་པ་ཉེན་རྟོག་པས་འགྲེལ་བརྗོད་བྱས་འདུག་ཅིང་། གཟའ་འཁོར་གཉིས་ཙམ་གྱི་རྗེས་ཁྱོ་ག་དེ་ཡང་རང་ཤི་བརྒྱབ་འདུག།
ཆག་སྒོ་ཆེན་པོ་བྱུང་བའི་ནང་མི་དེ་Agushan་གྲོང་གསེབ་ས་ཁུལ་ནང་གཏན་སྡོད་བྱ་མཁན་ཞིག་ཡིན་འདུག་ལ། ས་གནས་དེའི་ནང་གི་ཉམ་ཐག་ཆེ་ཤོས་གྲས་ཡིན་འདུག། རྒྱ་ནག་ནང་ལོ་གཅིག་ནང་ཨ་སྒོར་༣༤༣་མམ་རྒྱ་སྒོར་༢༣༠༠་ལས་བཟོ་མ་ཐུབ་མཁན་ཚོ་དབུལ་ཕོངས་ཉམ་ཐག་གི་ཁོངས་སུ་ཚུད་དེ། གཞུང་ཕྱོགས་ནས་རོགས་རམ་སྤྲོད་ཀྱི་ཡོད་པ་ལྟར། ཆག་སྒོ་བྱུང་བའི་ནང་མི་དེའི་གནས་སྟངས་ལ་དཔག་སྟེ་གཞུང་ཕྱོགས་ནས་རོགས་རམ་ཐོབ་དགོས་ཀྱི་ཡོད་ན་ཡང་། གྲོང་སྡེ་ལྷན་ཁང་གི་ངོས་ནས་རོགས་རམ་སྤྲད་མེད་པའི་གནས་ཚུལ་ཐོན་ཡོད་ཅིང་། བརྒྱུད་ལམ་ཁག་གཅིག་གི་ནང་། ནང་མི་དེར་རོགས་རམ་མ་ཐོབ་པ་ནི་གྲོང་སྡེ་ལྷན་ཁང་གི་ལས་བྱེད་པ་ཚོར་ལྐོག་དངུལ་མ་སྤྲད་པས་ཡིན་པའི་གནས་ཚུལ་བཀོད་ཡོད་པ་རེད།
འདི་ཚེས་༡༣་གཟའ་མིག་དམར་ཉིན་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་Weibo་ནང་མི་ཞིག་གིས་ང་ཚོའི་སྤྱི་ཚོགས་འདི་ནི་མི་ཟ་མཁན་གདུག་རྩུབ་ཅན་ཞིག་རེད་ཅེས་བཀོད་འདུག་ཅིང་། རྒྱ་ནག་གི་ཞིང་པའི་དངུལ་ཁང་གི་དཔལ་འབྱོར་འགན་འཛིན་Xiang Songzuo་ ཕྱོགས་གཅིག་ལ་ས་ཡ་མང་པོའི་ལྐོག་ཟ་བྱ་མཁན་གྱི་ལས་བྱེད་པ་དང་སུས་དངུལ་མང་བ་འགྲོ་སོང་གཏོང་མིན་འགྲན་བསྡུར་བྱ་མཁན་འབྱོར་ལྡན་པ་ཚོ་ཡོད་ཅིང་། ཕྱོགས་གཞན་དེར་ཆེས་དབུལ་ཕོངས་ཉམ་ཐག་གི་གནས་སུ་ལྷུངས་ཏེ་རེ་བ་བྲལ་ནས་གནས་མཁན་ཡང་ཡོད་པ་རེད་ཅེས་དང་། འདི་ནི་དེང་སྐབས་རྒྱ་ནག་གི་སྙིང་ན་བའི་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད་ཅེས་བརྗོད་འདུག།
རྒྱ་ནག་གཞུང་འབྲེལ་གྱིས་བཏོན་པའི་བསྡོམས་འབོར་གཞིར་བཟུང་ལྟར་ན། རྒྱ་ནག་ལ་ཡུལ་མི་ས་ཡ་༧༠་ཙམ་དབུལ་ཕོངས་ཉམ་ཐག་གི་ཚད་གཞིའི་འོག་གནས་བཞིན་ཡོད་འདུག།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།