འཛམ་གླིང་ནང་གསར་འགོད་པ་རྐྱེན་འདས་ཕྱིན་པའི་གྲངས་འབོར།
2010.12.27
༄༅༎ཕྱི་ལོ་ཉིས་སྟོང་བཅུ་ལོའི་ནང་འཛམ་གླིང་ཁྱོན་ཡོངས་སུ་གསར་འགོད་པ་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་༡༠༥ཙམ་ཟིན་ཡོད་ལུགས་ རྒྱལ་སྤྱིའི་ནང་གསར་འགོད་པའི་གནས་སྟངས་ལ་ལྟ་རྟོགས་གནང་མཁན་Media watchdog press Emblem Campaignཞེས་པས་གཟའ་ཟླ་བའི་ཉིན་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་པའི་ནང་འཁོད་ཡོད་པ་རེད་
ཕྱི་ལོ་ཉིས་སྟོང་དགུ་དང་བསྡུར་ན་གསར་འགོད་པ་རང་ཁྲིའི་ལས་འགན་ཁུར་བའི་སྐབས་རྐྱེན་འདས་སུ་འགྲོ་ཡས་ཀྱི་གྲངས་འབོར་ཕྲན་བུའི་ཉུང་དུ་ཕྱིན་ཡོད་ན་ཡང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་གསར་འགོད་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་༩༡དང་བསྡུར་ན་མང་དུ་ཕྱིན་ཡོད་པ་རེད་ གོང་ཞུས་གསར་འགོད་པའི་གནས་སྟངས་ཐོག་ལྟ་རྟོགས་གནང་མཁན་གྱི་ཚོགས་པ་དེའི་དྲུང་ཆེ་སྦེ་ལེསི་ལེམ་པེན་གྱིས་གསུང་ན་ གསར་འགོད་པ་དམར་བསད་བཏང་ཡས་དེ་ནི་ནད་ཡམས་ལྟ་བུ་ཆགས་ནས་སྨན་བཅོས་བྱེད་ཐབས་མེད་པའི་གནས་སུ་གྱར་ཡོད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནས་སྟངས་དེ་སེལ་ཐབས་སུ་ཐབས་ལམ་ཞིག་ད་དུང་ཡང་འཚོལ་ཐུབ་མེད་པ་མ་ཟད་གསར་འགོད་པ་དམར་བསད་གཏོང་མཁན་གྱི་ལག་དམར་པ་དེ་དག་ཁྲིམས་ལུགས་བཞིན་ཉེས་ཆད་ཡང་བཅོད་ཐུབ་ཀྱི་མེད་པ་གསུངས་འདུག
ད་ལོ་གསར་འགོད་པ་རྐྱེན་འདས་སུ་འགྲོ་ཡས་མང་ཤོས་ཀྱི་ས་ཁུལ་ནི་མེཀ་སི་ཀོ་དང་པ་ཀི་སི་ཏན་ཡུལ་གཉིས་ནང་ཡིན་པ་དང་ གསར་འགོད་པ་བཅུ་བཞི་མེག་སེ་ཁོའི་ནང་ད་ལོ་རྐྱེན་འདས་སུ་ཕྱིན་ཡོད་ཅིང་ དེ་མིན་གསར་འགོད་པ་༡༤པ་ཀི་སི་ཐན་ནང་རྐྱེན་འདས་སུ་ཕྱིན་ཡོད་པ་དང་ དེ་དག་མང་ཆེ་བས་པ་ཀི་སི་ཐན་དང་ཨབ་ག་ནས་སི་ཐན་གྱིས་ས་མཚམས་ཁུལ་དུ་རྐྱེན་འདས་སུ་ཕྱིན་ཡོད་འདུག འདས་པའི་ལོ་ངོ་ལྔའི་རིང་གསར་འགོད་པ་༥༢༩ཙམ་རང་ཁྲིའི་ལས་འགན་ཁུར་བའི་སྐབས་རྐྱེན་འདས་སུ་ཕྱིན་ཡོད་པ་དང་ གསར་འགོད་པའི་གནས་སྟངས་ལྟ་རྟོགས་གནང་མཁན་གྱི་ཚོགས་པ་དེའི་དབུ་ཁྲིད་ནས་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ནང་འཛམ་གླིང་ཁྱོན་ཡོངས་སུ་གསར་འགོད་པར་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་ནས་གསར་འགོད་པ་དམར་གསོད་གཏོང་ཡས་ཀྱི་བྱ་སྤྱོད་དེ་རིགས་འགོག་ཐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕྱར་གྲུ་མཉམ་འདེགས་གནང་རྒྱུའི་སྐུལ་མ་གནང་ཡོད་པ་རེད་