རྒྱ་ནག་ཧད་ལུང་ཅང་དུ་རྡོ་སོལ་བསྔོགས་འདོན་ནང་མི་༡༠༨ཤི་བ།
2009.11.27
༄༅༎རྒྱ་ནག་གི་ཧད་ལུང་ཅང་ཞིང་ཆེན་ཧའ་གང་ས་གནས་ནང་ཡོད་པའི་ཤིན་ཤིང་རྡོ་སོལ་བསྔོགས་འདོན་བྱེད་སར་ཉིན་ཤས་སྔོན་འབར་གས་ཀྱི་དོན་རྐྱེན་བྱུང་ནས་དེ་རིང་གཟའ་པ་སངས་ཉིན་བར་མི་གྲངས་༡༠༨རྐྱེན་འདས་སུ་ཕྱིན་ཡོད་པ་གཞུང་ཕྱོགས་ཀྱི་བརྟག་དཔྱད་བྱེད་མཁན་གྱིས་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་ཅིང་ རྒྱལ་གཉེར་རྡོ་སོལ་བསྔོགས་འདོན་བྱེད་ས་ཡིན་པའི་ཤིན་ཤིང་རྡོ་སོལ་བསྔོགས་འདོན་བྱེད་སར་གཟའ་འཁོར་སྔོན་མ་འབར་གས་ཀྱི་དོན་རྐྱེན་བྱུང་བའི་སྐབས་རྡོ་སོལ་བསྔོགས་འདོན་བྱེད་སའི་ནང་བཟོ་པ་མི་གྲངས་༥༢༨ཙམ་ངལ་རྩོམ་བྱེད་བཞིན་ཡིན་པ་དང་ འབར་གས་ཀྱི་གནས་ཚུལ་བྱུང་མ་ཐག་བཟོ་པ་མི་གྲས་༤༢༠ཙམ་ས་འོག་ནས་བྲོས་ཐུབ་ཡོད་ཅིང་ འབར་གས་ཀྱི་དོན་རྐྱེན་བྱུང་དགོས་དོན་བརྟག་དཔྱད་བྱས་པའི་རྗེས་བརྟག་དཔྱད་བྱེད་མི་ཚོས་གསུང་ན་རྡོ་སོལ་བསྔོགས་འདོན་བྱེད་སའི་ལས་དོན་དོ་དམ་ཚད་ལྡན་མེད་པའི་ཁར་རྡོ་སོལ་བསྔོགས་འདོན་བྱེད་སའི་ས་འོག་གི་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་ཧ་ཅང་སྐྱོ་པོ་ཡིན་པའི་རྐྱེན་གྱིས་འབར་གས་ཀྱི་དོན་རྐྱེན་བྱུང་བ་ཞིག་ཡིན་པ་གསུང་གི་ཡོད་པ་རེད་ དེ་དང་འབྲེལ་གཟའ་ཕུར་བུའི་ཉིན་རྒྱ་ནག་ཀུད་ཀྲའུ་ཞིང་ཆེན་ཤིན་རན་རྫོངས་ཁོངས་ཀྱི་ཀྲན་ཤིན་རྡོ་སོལ་བསྔོགས་འདོན་བྱེད་སར་ཡང་ས་གནས་དགོངས་དྲོའི་ཚོུད་༡༡དང་ཕྱེད་ཀ་ཙམ་དུ་གློག་སྐུད་ལ་མེ་འབར་ནས་འབར་གས་ཀྱི་དོན་རྐྱེན་བྱུང་ཏེ་མི་གྲངས་དགུ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་གཅིག་གར་ཡོད་རྩད་རྙེད་ཐུབ་མེད་པའི་གནས་ཚུལ་ཐོན་ཡོད་འདུག ཀུད་ཀྲའུ་ཞིང་ཆེན་གྱི་རྡོ་སོལ་བསྔོགས་འདོན་བྱེད་སར་འབར་གས་བྱུང་བའི་སྐབས་བཟོ་པ་༡༧༢ཙམ་ས་འོག་དུ་རྡོ་སོལ་བསྔོགས་འདོན་བྱེད་བཞིན་པ་དང་འབར་གས་བྱུང་བའི་རྗེས་མི་གྲངས་༡༦༢ཙམ་བྲོས་ཐུབ་ཡོད་ཅིང་མི་གསུམ་ལ་རྨས་སྐྱོན་ཕོག་ནས་གཟའ་པ་སངས་ཉིན་ས་གནས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡིན་འདུག རྒྱ་ནག་ནང་འདས་པའི་ལོ་ཤས་རིང་རྒྱུན་དུ་ནས་རྡོ་སོལ་བསྔོགས་འདོན་བྱེད་སར་བདེ་འཇགས་ཀྱི་གནད་དོན་མི་འདེངས་བ་གཙོ་བོ་བྱས་ནས་འབར་གས་དང་ས་བརྡིབས་ཀྱི་གནས་ཚུལ་ཡོང་མུས་ཡིན་ན་ཡང་། རྒྱ་ནག་རྒྱལ་གཉེར་གྱི་རྡོ་སོལ་བསྔོགས་འདོན་བྱེད་ས་འམ་ཡང་ན་སྒེར་གྱི་རྡོ་སོལ་བསྔོགས་འདོན་བྱེད་སར་བདེ་འཇགས་ཀྱི་གནས་སྟངས་ཡག་དུ་གཏོང་བའི་རྣམ་པ་ཞིག་མཐོང་རྒྱུ་མེད་པ་རེད་།