༸གོང་ས་མཆོག་ནས་རྒྱ་མི་རིགས་ཁག་ཅིག་ལ་མཇལ་ཁ།
2009.12.02
༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཨོ་སི་ཀྲོ་ལི་ཡའི་ནང་ཆིབས་བསྒྱུར་གྱི་ཉིན་གསུམ་པ་དེར་གྲོང་ཁྱེར་སི་ཌི་ནི་ནང་ཁུལ་དེར་གནས་སྡོད་བྱེད་མཁན་རྒྱ་མི་རིགས་གང་མང་ཞིག་ལ་བཀའ་སློབ་དང་མཇལ་ཁ་གནང་འདུག།
དེ་རིང་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཀྲོ་ལི་ཡ་ནང་གི་རྒྱ་ནག་རང་དབང་རིག་གཞུང་ལས་འགུལ་ཚོགས་པའི་ཚོགས་མི་༧༠ཙམ་ལ་བཀའ་སློབ་དང་མཇལ་ཁ་གནང་ཡོད་ཅིང༌། ༧གོང་ས་མཆོག་གིས་དེང་སྐབས་རྒྱ་ནག་གི་དཔལ་འབྱོར་གོང་འཕེལ་ཆེན་པོ་འགྲོ་བཞིན་ཡོད་ནའང༌རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་བྱ་རྒྱུར་རྒྱ་ནག་གི་ལས་དོན་བྱེད་སྟངས་དེ་ཚོ་ཕྱི་གསལ་ནང་གསལ་ཞིག་ངེས་པར་དགོས་གལ་ཆེ་བའི་སྐོར་བཀའ་གནང་འདུག།
དེ་ནས་ཉིན་གུང་གསོལ་ཚིགས་སྐབས་གྲོང་ཁྱེར་སི་ཌི་ནི་ནང་གི་ལྦེཏ་ནམ་མི་རིགས་ཁག་ཅིག་ལ་མཇལ་ཁ་བསྩལ་གནང་བ་དང༌ཁོང་ཚོར་ནང་ཆོས་དང་འབྲེལ་བའི་རིག་གཞུང་སྲུང་སྐྱོབ་དང་མི་ཉམ་རྒྱུན་འཛིན་བྱ་དགོས་པའི་བཀའ་སློབ་ལམ་སྟོན་གནང་བཞག། གོང་ཞུས་མཛད་རིམ་དེ་གྲུབ་མ་ཐག་རྒྱ་མི་རིགས་༣༠༠ཙམ་ཞིག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གསུངས་བཤད་བསྩལ་གནང་མཛད་པའི་སྐབས་རྒྱ་ནག་ནང་གི་ཆབ་སྲིད་གནས་སྟངས་དང་བོད་པ་དང་རྒྱ་མི་རིགས་ཚོའི་མ་འོངས་མདུན་ལམ་སྐོར་བཀའ་འགྲེལ་གནང་སྐབས། མི་ཚང་མར་སྨྲ་བརྗོད་རང་དབང་དང་གནས་ཚུལ་ཉན་ཆོག་པའི་གཞི་རྩའི་ཐོབ་ཐང་ཡོད་སྐོར་བཀའ་གནང་སྟེ། རྒྱ་ནག་དེ་བཞིན་འབྱུང་འགྱུར་དམངས་གཙོ་ཅན་ལ་འགྱུར་རྒྱུའི་ཐུགས་རེ་བཟང་པོ་གནང་གི་ཡོད་སྐོར་བཀའ་གནང་འདུག། རྒྱ་ནག་དམངས་གཙོ་མཉམ་མཐུན་ཚོགས་པའི་ལས་སྣེ་ཁྲིན་ཅིན་གྱིས་གོང་ཞུས་རྒྱ་མི་རིགས་ཀྱི་འདུ་འཛོམས་དེ་གོ་སྒྲིག་གནང་ཡོད་པ་རེད། དེ་ནས་དེ་རིང་ཉིན་རྒྱབ་སི་ཌི་ནི་གྲོང་ཁྱེར་ནང་གི་བོད་རིགས་ཚོར་༧གོང་ས་མཆོག་གིས་གསུང་ཆོས་མུ་མཐུད་དབུ་འཛུགས་གནང་འདུག།