རྡ་སའི་གྲོང་སྡེ་ལས་ཁུངས་ཀྱི་འཐུས་མིར་བོད་མི་ཞིག་བསྐོས་འདུག
2017.02.03
རྡ་སའི་བོད་མིའི་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་རྡ་སའི་གྲོང་སྡེ་ལས་ཁུངས་ཀྱི་འཐུས་མིར་ཐད་བསྐོས་བྱས་འདུག
གནས་ཚུལ་ལྟར་ན། ཁོང་ནི་ད་བར་ལས་ཁུངས་དེར་འཐུས་མི་བསྐོ་བཞག་བྱས་པའི་བོད་མི་དང་པོ་དེ་ཡིན་པ་དང་། ཕྱི་ཚེས་༢་ཉིན་ཧི་མ་ཅལ་མངའ་སྡེའི་གྲོང་སྡེ་འཛུགས་སྐྲུན་ལས་ཁུངས་ཀྱིས་རྒྱ་གར་རྡ་རམ་ས་ལའི་གྲོང་སྡེ་ལས་ཁུངས་ཀྱི་འཐུས་མི་ལྔ་ཐད་བསྐོས་བྱས་བའི་ནང་རྡ་སའི་བོད་མིའི་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་བསྐོ་བཞག་གནང་ཡོད་ཅིང་། ཧི་མ་ཅལ་མངའ་སྡེའི་མགྲིན་ཚབ་པས། རྡ་སའི་ཁུལ་དུ་བཙན་བྱོལ་བོད་མི་མང་པོ་གནས་སྡོད་བྱེད་ཀྱི་ཡོད་སྟབས། ཁོང་གྲོང་སྡེ་ལས་ཁུངས་ཀྱི་འཐུས་ཚོགས་ནང་ཡོད་པ་དེ་རྡ་སའི་སྤྱི་ཚོགས་ལ་ཕན་ཐོགས་ཡོད་སྐོར་བརྗོད་ཡོད་འདུག
དེའི་ཐད་ཟླ་བ་རིན་ཆེན་ལགས་ཀྱིས་བོད་ཀྱི་བང་ཆེན་གྱི་གསར་འགོད་པར་གསུང་ན། དེ་སྔོན་ཧི་མ་ཅལ་གྲོང་སྡེ་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་བློན་ཆེན་སུ་ཌིར་ཤར་མས། ཁོང་གྲོང་སྡེ་ལས་ཁུངས་ཀྱི་འཐུས་མིར་བསྐོ་གཞག་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཁོང་གིས་དེའི་སྐོར་བཀའ་ཤག་དང་ནང་སྲིད་ལས་ཁུངས་ལ་སྙན་སེང་ཞུས་རྗེས་ལས་འགན་དང་ལེན་བྱས་ཡོད་སྐོར་བརྗོད་འདུག
ད་ལྟའི་ཆར་ཧི་མ་ཅལ་གཞུང་འབྲེལ་གྱི་བསྐོ་བཞག་ཡི་གེ་དངོས་སུ་འབྱོར་མེད་ཀྱང་། བསྐོ་གཞག་གི་གནས་ཚུལ་བཀོད་ཡུལ་གྱི་བརྒྱུད་ལམ་དེ་ཧི་མ་ཅལ་མངའ་སྡེའི་གཞུང་འབྲེལ་གྱི་བརྒྱུད་ལམ་ཞིག་ཡིན་སྟབས་གནས་ཚུལ་དེ་དངོས་བདེན་ཡིན་པ་དང་། དུས་རྒྱུན་གྲོང་སྡེ་འཐུས་ཚོགས་ཀྱི་ཚོགས་འདུ་ཚོགས་སྐབས་ཁོང་མཉམ་ཞུགས་བྱས་ནས་བོད་མི་ཚོའི་བདེ་དོན་གླེང་རྒྱུའི་གོ་སྐབས་ཡོད་སྐོར་ཟླ་བ་རིན་ཆེན་ལགས་ཀྱིས་འགྲེལ་བརྗོད་གནང་འདུག
རྡ་སའི་གྲོང་སྡེའི་ལས་ཁུངས་ཀྱི་འཐུས་ཚོགས་ལ་འཐུས་མི་ལྔ་ཐད་བསྐོས་དང་། མི་མང་གིས་འོས་བསྡུ་བྱས་ནས་འདེམས་ཐོན་བྱུང་བའི་འཐུས་མི་༡༧་ཡོད་འདུག།
གསར་འགོད་བསོད་ནམས་ལྷ་མོ།