ཌེན་མཀ་སྲིད་བློན་དང་༸གོང་ས་མཆོག་གི་མཇལ་འཕྲད་སྐོར།

༸གོང་ས་མཆོག་དང་ཡོ་རོབ་བྱང་མའི་ཡུལ་གྲུ་ཌེན་མཀ་ཀྱི་སྲིད་བློན་རྣམ་གཉིས་རེས་གཟའ་སྤེན་པའི་ཉིན་བརྒྱབ་མཇལ་འཕྲད་གནང་ཡོད་པ་རེད།

2009.05.30

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡོ་རོབ་བྱང་མའི་ཡུལ་གྲུ་ཌེན་མཀ་ཀྱི་སྲིད་བློན་རྣམ་གཉིས་གཟའ་སྤེན་པའི་ཉིན་བརྒྱབ་མཇལ་འཕྲད་གནང་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ལྔ་པའི་ཚེས་སུམ་ཅུ་ཉིན་ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧ་གེན་དུ་ཞབས་སོར་འཁོད་གནང་མཛད་པ་དང་ཌེན་མཀ་ཀྱི་སྲིད་བློན་ལའར་སེ་ལོ་ཀེ་ར་སི་མུ་སེན་དང་ལྷན་དུ་སྲིད་བློན་གྱི་བཞུགས་ཁང་དུ་དུས་ཡུན་སྐར་མ་བཞི་བཅུ་ཞེ་ལྔའི་རིང་མཇལ་མོལ་གནང་ཡོད་ཅིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཌེན་མཀ་ཀྱི་སྲིད་བློན་མཆོག་ལ་ཐུགས་རྗེ་ཞུས་གནང་མཛད་པ་དང་སྦྲགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ཕྱིའི་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་བསྐྱང་པའི་མཛད་འཆར་མང་ཆེ་བ་ནི་ཆོས་ཕྱོགས་དང་ཤེས་ཡོན་གྱི་རང་བཞིན་ལྡན་པ་ཞིག་ཡིན་པ་དང་ཐེངས་འདིའི་ཆིབས་བསྒྱུར་འདི་ཡང་འགྲོ་བ་མིའི་རིགས་ཀྱི་སེམས་བརྒྱུད་འདུལ་ཐབས་དང་འབྲེལ་ཡ་རབས་བཟང་སྤྱོད་གོང་མཐོར་གཏང་རྒྱུ་དང་ཆོས་ལུགས་འདྲ་མིན་དབར་གྱི་མཐུན་སྒྲིལ་གོང་འཕེལ་གཏང་ཐབས་དང་འབྲེལ་བ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།

ཌེན་མཀ་ཀྱི་སྲིད་བློན་ལའར་སེ་ལོ་ཀེ་ར་སི་མི་སེན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གང་ཉིད་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་དང་སྤྱིར་ཌེན་མཀ་ཀྱི་ནང་ནང་པ་དེ་ཙམ་མང་པོ་མེད་རུང་ཌེན་མཀ་མི་དམངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་གུས་ཆེན་པོ་ཞུ་བཞིན་ཡོད་པ་རེད་ཅེས་དང་ད་དུང་སྲིད་བློན་མཆོག་གིས་ཌེན་མཀ་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྟག་ཏུ་རྒྱབ་སྐྱོར་ཞུ་གི་ཡོད་ལ་རྗེས་སུ་ཕྱི་སྲིད་བློན་ཆེན་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་པས་སྐབས་དེར་ཁྱེད་རྣམ་པས་བོད་ནང་གི་གནས་སྟངས་ཐད་བཀའ་བསྡུར་གནང་དགོས་སྐོར་ཡང་གསུངས་འདུག

མཇལ་མོལ་དེའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་འཁོར་དུ་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་བཀྲིས་ལགས་དང་སྐེུར་ཟུང་དྲུང་སྟག་ལྷ་བསྟན་འཛིན་རྣམ་དག་ལགས་རྣམ་གཉིས་ལྷན་བཅར་ཞུས་ཡོད་པ་རེད།

ཌེན་མཀ་ཀྱི་སྲིད་བློན་མཆོག་དང་མཇལ་འཕྲད་གྲུབ་རྗེས་ཡུལ་དེའི་ཕྱི་སྲིད་བློན་ཆེན་པཱེར་སི་ཀྲིག་མོ་ལར་མཆོག་དང་མཇལ་འཕྲད་གནང་ཞིང་མཇལ་མོལ་སྐབས་ཀྱི་གྲོས་གཞི་གཙོ་བོ་ནི་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་ཡིན་པ་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་བཀོད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཌེན་མཀ་ཀྱི་སྲིད་བློན་མཇལ་འཕྲད་གནང་པར་རྒྱ་ནག་གཞུང་གིས་ཌེན་མཀ་ཀྱི་ངོས་ནས་རྒྱ་ནག་གཞུང་ཕྱོགས་ནས་མཇལ་འཕྲད་འདི་མི་གནང་རྒྱུའི་འབོད་བསྐུལ་རིམ་པ་ཞུས་པར་ཡོངས་སུ་རྩིས་མེད་ཀྱིས་རྒྱལ་ཁབ་ཁ་བྲལ་གཏང་རྒྱུའི་དམིགས་ཡུལ་བཅང་མཁན་ཏཱ་ལའི་བླ་མ་དང་ཨུ་ཚུགས་ཐ་ནན་གྱིས་མཇལ་འཕྲད་གནང་པ་དེས་རྒྱ་ནག་གི་ཕུགས་ཀྱི་དམིགས་ཡུལ་གཙོ་བོ་ཞིག་ལ་གནོད་སྐྱོན་བཏང་བར་མ་ཟད་རྒྱ་ནག་དང་ཌེན་མཀ་ཀྱི་འབྲེལ་ལམ་ལ་ཡང་གནོད་སྐྱོན་བཏང་བ་དང་རྒྱ་ནག་དང་ཌེན་མཀ་དབར་གྱི་མཉམ་འབྲེལ་གྲོགས་པོའི་འབྲེལ་ལམ་ཡང་གཏོར་བཤིག་བཏང་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།

འདི་སྔོན་རྒྱ་ནག་གཞུང་གིས་ཕེ་རན་སི་དང་ཡུལ་གྲུ་གཞན་ལ་ཉེན་བརྡ་བཏང་བ་ལྟར་དེ་རིང་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་ཀང་གིས་ཌེན་མཀ་གྱི་ངོས་ནས་བོད་དོན་ཐད་ནོར་འཁྲུལ་གྱི་ལས་དོན་སྤེལ་བ་ཁག་ཡོ་བསྲང་དང་འདིའི་ཐོག་ནས་ཤུགས་རྐྱེན་ངེན་པ་བྱུང་བ་དེ་དག་སེལ་ཐབས་བྱེད་དེ་རྒྱ་ནག་དང་ཌེན་མཀ་དབར་འབྲེལ་ལམ་བཟང་པོ་ཞིག་འབྱུང་ཐབས་ལ་འབད་བརྩོན་བྱ་དགོས་ཀྱི་རེད་ཅེས་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎