ཆོས་ལུགས་ཁག་གིས་ཕན་ཐོགས་ཀྱི་ཡོད་པས་མུ་མཐུད་གནས་ཀྱི་རེད། ༧གོང་ས་མཆོག་གིས།
2018.10.11

༧གོང་ས་མཆོག་གིས་ཆོས་ལུགས་འདྲ་མིན་ཡོད་པ་འདིས་འགྲོ་བ་མིར་ཕན་ཐོག་གི་ཡོད་སྟབས་མ་འོངས་པར་ཡང་དུས་རབས་འགའ་ཤས་རིང་གནས་ཀྱི་རེད་གསུངས་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༡་ཉིན་བཞུགས་སྒར་ཕོ་བྲང་དུ་མ་སུ་རིར་རྟེན་གཞི་བྱས་པའི་(Woodstock)སློབ་གྲྭའི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་ཕྲུག་ལྔ་བཅུ་ཙམ་ལ་མཇལ་ཁ་དང་བཀའ་སློབ། སློབ་ཕྲུག་ཚོའི་བཀའ་དྲིར་བཀའ་ལན་སོགས་གནང་ཡོད་པ་རེད།
༧གོང་ས་མཆོག་གིས་སློབ་ཕྲུག་ཚོར། འཛམ་གླིང་ནང་ཆོས་ལུགས་འདྲ་མིན་ཡོད་པ་འདིས་ཕན་ཐོགས་ངེས་ཅན་ཞིག་གྲུབ་ཀྱི་ཡོད་པ་དང་། ཆོས་ལུགས་ཁག་གིས་ལམ་སྟོན་བྱེད་པའི་ནང་དོན་སྙིང་པོ་དེ་གཅིག་པ་ཡིན་པས་མ་འོངས་པར་ཡང་དུས་རབས་འགའ་ཤས་རིང་གནས་ཀྱི་རེད་ལ་ཆོས་ལུགས་ཚང་མར་སྤྱི་མཚུངས་ཀྱི་གུས་བརྩི་བྱ་དགོས་པ་དེ་གལ་ཆེན་པོ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།
(Woodstock) གི་དབྱིན་ཇིའི་སློབ་གྲྭ་དེ་ནི་རྒྱ་གར་ནང་སློབ་གྲྭ་སྐད་གྲགས་ཆེ་བ་ཞིག་ཡིན་པ་དང་། བཀའ་སློབ་ཞུ་བར་བཅར་མཁན་གྱི་སློབ་ཕྲུག་ལྔ་བཅུའི་ཁོངས་སུ་བོད་རིགས་སློབ་ཕྲུག་ཁག་གཅིག་ཀྱང་ཡོད་འདུག
གསར་འགོད་པ་ཨྱོན་བསྟན་འཛིན་དང་། བློ་བཟང་ཡེ་ཤེས།