༸གོང་ས་མཆོག་ནས་བུད་མེད་ཚོས་དམིགས་བསལ་གྱིས་འགན་ཁུར་དགོས་པའི་བཀའ་སློབ།
2019.02.18
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཆེད་དུ་ཕེབས་པའི་བུད་མེད་ཁག་ཅིག་དང་མཇལ་མོལ་གནང་སྟེ། འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་ཡོང་བར་བུད་མེད་ཚོས་དམིགས་བསལ་གྱིས་འགན་ཁུར་དགོས་པའི་སྐོར་བཀའ་སློབ་སྩལ་གནང་མཛད་སོང་། དེ་ཡང་དེ་རིང་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༢ ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཕྱག་ཚོད་བཅུ་གཅིག་ཐོག་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བུད་མེད་ནུས་སྟོབས་གོང་འཕེལ་དང་འབྲེལ་བའི་ཚོགས་པ་ (Young Ficci Ladies Organisation) ཞེས་པའི་ཚོགས་མི་ལྕམ་ (Atashi Singhania) ལགས་ཀྱིས་སྣེ་ཁྲིད་འོག་ཚོགས་པ་དེའི་ཚོགས་མི་བུད་མེད་གྲངས་ ༧༨ ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་མཇལ་མོལ་གནང་འདུག། སྐབས་དེར་༸གོང་ས་མཆོག་གིས་འདས་པའི་དུས་རབས་ཉི་ཤུ་པའི་ནང་དམག་འཁྲུག་དང་། འཚེ་བའི་དབང་གིས་འགྲོ་བ་མི་ཕན་ཚུན་བར་གྲངས་ལས་འདས་པའི་བསད་རེས་བཏང་སྟེ་མི་རྣམས་སྡུག་བསྔལ་ནང་ལྷུང་ཡོད་པ་དང་། ད་དུང་ཡང་སྐྱེ་བོ་མང་པོ་ཞིག་འཛམ་གླིང་དམག་ཆེན་གསུམ་པ་ལངས་མི་ཡོང་བསམས་ནས་འཇིགས་སྣང་འོག་འཚོ་གནས་བྱེད་བཞིན་ཡོད། དེར་བརྟེན་འདས་པའི་དུས་རབས་ནི་དྲག་པོ་དང་འཚེ་བའི་དུས་རབས་ཤིག་ཏུ་གྱུར་ཡོད་པ་དང་། དམག་འཁྲུག་མང་ཆེ་བ་ཞིག་ནི་སྐྱེས་པ་ཕོས་རྐྱེན་པའི་བྱུང་ཡོད་པ་རེད། འོན་ཀྱང་ད་ལྟ་དུས་རབས་ཉེར་གཅིག་པ་འདི་ཞི་བདེ་དང་། འཚེ་བ་མེད་པ། དེ་བཞིན་བྱམས་བརྩེ་དང་ལྡན་པའི་དུས་རབས་ཤིག་ངེས་པར་དུ་བསྐྲུན་དགོས་ཤིང་། ལྷག་པར་ཚན་རིག་པ་ཚོས་གསུངས་པར་གཞིགས་ན། བྱམས་བརྩེའི་ནུས་པ་དེ་སྐྱེས་པ་ཕོ་ལས་བུད་མེད་ཚོ་ནུས་པ་ཆེ་བ་ཡོད་པ་གསལ་བཤད་བྱེད་ཀྱི་ཡོད། དེར་བརྟེན་འགྲོ་བ་མིའི་བྱམས་བརྩེ་གོང་འཕེལ་གཏོང་བར་བུད་མེད་ཚོས་དམིགས་བསལ་གྱི་འགན་ཁུར་བླངས་དགོས། ཞེས་བཀའ་སློབ་སྩལ་གནང་མཛད་སོང་། ཡང་སྐབས་དེར་༸གོང་ས་མཆོག་གིས་འཛམ་གླིང་འདིའི་ནང་འགྲོ་བ་མི་ཐེར་འབུམ་ ༧ ལྷག་ཡོད་པ་རྣམས་ཨ་མའི་བྱམས་སྐྱོང་འོག་འཚར་ལོངས་བྱུང་བ་ཤ་སྟག་ཡིན་སྟབས། སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་མ་འཆི་བར་དུ་ཨ་མའི་གཤིས་རྒྱུད་དང་འབྲེལ་ནས་ཆེན་པོ་ཆགས་ཡོད་པར་བརྟེན། མ་ཞིག་ཡིན་ཚེ་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་བར་འོས་འགན་ཆེན་པོ་ཡོད་པ་དང་། ངོས་ཀྱི་ཨ་མ་ལགས་ལྟ་བུར་མཚོན་ན། བྱམས་བརྩེ་དང་ལྡན་པའི་མ་ཞིག་ཡིན་ཅིང་། ངོས་ཀྱིས་ཨ་མ་ལགས་ཁོང་ཁྲོ་ལངས་པ་རྩ་བ་ནས་མཐོང་མྱོང་མེད་པར་མ་ཟད། རྒྱུན་དུ་ངོས་ཀྱི་ཁྱིམ་ཚང་གི་ཉེ་འགྲམ་དུ་ཡོད་པའི་ཁྱིམ་ཚང་དབུལ་ཕོངས་དང་། བཀྲེས་སྐོམ་གྱིས་མནར་བཞིན་པའི་མི་རྣམས་མཐོང་སྐབས་ཨ་མ་ལགས་སེམས་སྡུག་གནང་སྟེ་ངུ་བ་སོགས་བྱེད་ཀྱི་ཡོད་པ་དང་། ཁྱིམ་ཚང་ནང་གི་ཟས་རིགས་ལྷག་མ་ཡོད་ཚེ། ཕྱིར་སྤྲང་པོར་སྦྱིན་གནང་གི་ཡོད། དེར་བརྟེན་དེ་འདྲའི་ངོ་མཚར་དང་། བྱམས་བརྩེ་ལྡན་པའི་ཨ་མ་དེ་ལ་ངོས་རང་སྐྱེས་པ་རེད་ཅེས་གསུངས་གནང་སོང་། སྐབས་དེར་མཇལ་ཁ་གྲུབ་རྗེས་ལྡི་ལི་ནས་ཕེབས་པའི་ (Divya) ལགས་ཀྱིས། དེ་རིང་ང་རང་གི་བསམ་བློར་ག་རེ་འཁོར་སོང་ཞུས་ན། ཨ་མ་ཞིག་ཡིན་ཚེ་ཕྲུ་གུའི་མདུན་ལམ་དེ་བཟང་པོ་ཡོང་བར་འོས་འགན་ཆེན་པོ་ཡོད་པ་དང་། ལྷག་པར་བཟང་སྤྱོད་དང་ལྡན་པའི་ཨ་མའི་ཕྲུ་གུ་དེ་ཡང་བཟང་སྤྱོད་དང་ལྡན་པ་ཞིག་ཡོང་གི་ཡོད་པར་གསལ་པོ་ཆགས་སོང་བས། ང་རང་ཁྱིམ་དུ་ཕྱིར་ལོག་བྱས་རྗེས་དེའི་རྗེས་སུ་འབྲང་རྒྱུ་ཡིན་ཞེས་བརྗོད་གནང་སོང་། གཞན་ཡང་སྐབས་དེར་མགོན་པོ་གང་ཉིད་མཆོག་ལ་མཇལ་བཅར་ཞུས་ཏེ་མྱོང་ཚོར་སྐོར་བརྗོད་གསལ་ལ། ༸གོང་ས་མཆོག་ལ་ཆོས་ལུགས་གཅིག་ཡོད་པ་དེ་ནི་བྱམས་བརྩེ་རེད་འདུག་པས། ང་ཚོས་ངེས་པར་དུ་དེའི་རྗེས་སུ་འབྲང་དགོས་ངེས་ཡིན་པ་དང་། ཡང་ང་ཚོའི་གཤིས་རྒྱུད་ནང་ཡ་རབ་སྤྱོད་བཟང་དང་། སེམས་པ་བཟང་པོ་དགོས་རྒྱུ་ཤིན་ཏུ་གལ་ཆེ་རེད་འདུག་ལ། ༸གོང་ས་མཆོག་གིས་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཐོག་དམིགས་བསལ་གྱི་བཀའ་སློབ་སྩལ་སོང་བས་ང་རང་ལ་ཕན་ཐོགས་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་སོང་།
གསར་འགོད་པ་བློ་བཟང་དགེ་ལེགས།