༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་གནང་རྒྱུ།
2016.06.28

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་རིའི་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་རྒྱ་གར་དུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་གྲུབ་པ་དང་། ཐད་ཀར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཆིབས་བསྒྱུར་གྱིས་དེ་ཕྱོགས་སུ་དགེ་འདུན་པ་བརྒྱ་ཕྲག་འགའ་ཤས་བསྙེན་རྫོགས་སྒྲུབ་པ་གནང་རྒྱུ་ཡིན་འདུག་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུ་གྱ་གཅིག་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་ཡང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་དེའི་ནང་སྲུང་བརྩི་ཞུ་རྒྱུ་ཡིན་འདུག།
མོན་གྷོ་འདོད་རྒུ་གླིང་གི་ཆིབས་བསྒྱུར་གྲུབ་མཚམས་བཞུགས་སྒར་རྡ་རམ་ས་ལར་ཉིན་ཤས་བཞུགས་ཞག་དང་། དེ་ནས་གུ་རུ་རིན་པོ་ཆེའི་གནས་མཚོ་པདྨར་ཆིབས་བསྒྱུར་གྱིས་ཕྱི་ཟླ་༧ ཚེས་༡༣་ཉིན་རྫ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར་གྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་འདུག།
དེ་ནས་ཕྱི་ཟླ་༨་ཚེས་༡༢་དང་༡༣་ཉིན། ལ་དྭགས་རྒྱལ་ས་སླེའིོ་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་རྭ་བའི་ནང་བྱམས་ཆུབ་སེམས་འགྲེལ་གྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་དང་། སླར་ཡང་ཕྱི་ཟླ་༨་ཚེས་༡༩་ནས་༢༡་བར་སྤྱོད་འཇུག་ཆེན་མོའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་གནང་ཐུགས་གཏན་འཁེལ་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་གནང་འདུག།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།