༧གོང་ས་མཆོག་བཞུཊ་སྒར་ནས་ཨ་རིའི་ཕྱོཊ་སུ་ཆིབས་ཞལ་བསྒྱུར་བ།
2016.06.10
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག དེ་རིང་ཕྱི་ཟླ་༦་ཚེས་༡༠་ཉིན་བཞུགས་སྒར་རྡ་རམ་ས་ནས་ཨ་རིའི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་པ་དང་། ༧མགོན་པོ་གང་ཉིད་ནས་ཨ་རིའི་ནང་བཞུགས་ཞགས་ཉིན་གྲངས་༢༡་ཙམ་རིང་། མང་ཚོགས་ལ་བྱམས་བརྩེ་དང་སྙིང་རྗེ་ཀུན་ཁྱབ་འགན་འཁུར་སྐོར་བཀའ་གནང་རྒྱུ་མ་ཟད། གསུང་ཆོས་དང་རང་རིགས་རྣམས་ལ་མ་ཤེས་བཀའ་སློབ་སྩལ་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།
༧གོང་ས་མཆོག་ལ་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཟླའི་ཚེས་༡༣་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནང་གི་American་གཙུག་ལག་སློབ་ཆེན་མོའི་Bender Arena་ཚོགས་ཁང་ཆེན་མོའི་ནང་། མང་ཚོགས་ལ་དེང་དུས་ཀྱི་འཛམ་གླིང་ནང་སེམས་ཀྱི་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་རྒྱུ་དང་། སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་Nancy Pelosi མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་Richard Gere་སོགས་ཆེས་མཐོའི་མི་སྣ་ཁག་ཆེད་བཅར་ཞུ་རྒྱུ་ཡིན་པ་རེད།
དེ་ནས་ཕྱི་ཚེས་༡༨་ཉིན་གྱི་སྔ་དྲོར་ཨ་རིའི་མངའ་སྡེ་ཀེ་ལེ་ཕོར་ནི་ཡའི་Westminister་ལ་གསར་བཞེངས་ཞུས་པའི་Dieu Ngu་ཝེཏ་ནམ་དགོན་པའི་ནང་། མང་ཚོགས་ལ་བྱམས་བརྩེའི་སྐོར་བཀའ་སློབ་སྩལ་གནང་རྒྱུ་དང་། ཉིན་རྒྱབ་ལ་སངས་རྒྱས་སྨན་བླའི་བཀའ་དབང་གཙོས་པའི་གསུང་ཆོས་སྩལ་གནང་མཛད་རྒྱུཡིན་པ་རེད།
ཕྱི་ཚེས་༡༩་ཉིན་ཝེཏ་ནམ་ལྷ་ཁང་དེ་དབུ་འབྱེད་མཛད་སྒོའི་ཐོག་དབུ་བཞུགས་མཛད་རྒྱུ་མ་ཟད། དེར་ཆེད་བཅར་ཞུས་པའི་ཝེཏ་ནམ་གྱི་གཞོན་སྐྱེས་ཚོར་མཇལ་ཁ་སྩལ་གནང་མཛད་འཆར་འདུག ༧གོང་ས་མཆོག་གིས་ཕྱི་ཟླ་༦་ཚེས་༢༡་ཉིན་ཡུ་ཀྲ་མངའ་སྡེའི་རྒྱལ་ས་Salt Lake City་གྲོང་ཁྱེར་ནང་གི་Huntsman Center་ནང་མང་ཚོགས་ལ་བྱམས་བརྩེ་དང་ཀུན་ཁྱབ་འགན་འཁུར་སྐོར་བཀའ་སློབ་སྩལ་གནང་མཛད་འཆར་ཡོད་ཅིང་། དེ་ནི་University of Utah་ཞེས་ཡུ་ཀྲ་མངའ་སྡེའི་གཙུག་ལག་སློབ་གྲ་ཆེན་མོ་དང་ཡུ་ཀྲ་བོད་ཀྱི་ཐེབས་རྩ་གཉིས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག།
༧གོང་ས་མཆོག་གིས་ཕྱི་ཚེས་༢༣་ཉིན་གྱི་སྔ་དྲོར་མངའ་སྡེ་Colorado་གྲོང་ཁྱེར་Bolder ནང་གི་Coors Event Center་རྩེད་ཁང་ཆེན་མོའི་ནང་། མང་ཚོགས་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་སྩལ་གནང་རྒྱུ་དང་། ཉིན་རྒྱབ་བློ་སྦྱོང་སྟངས་སྐོར་བཀའ་སློབ་གནང་རྒྱུའི་མཛད་འཆར་འདུག།
ཡང་ཕྱི་ཟླ་༦་ཚེས་༢༥་ཉིན་ཨ་རིའི་Indiana་མངའ་སྡེའི་རྒྱལ་ས་Indianapolis་ནང་གི་Indiana Farmers Coliseum་རྩེད་ཁང་ཆེན་མོའི་ནང་མང་ཚོགས་ལ་བྱམས་བརྩེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ཞིག་ཡིན་པའི་སྐོར་བཀའ་སྩལ་གནང་མཛད་འཆར་ཡོད་ཅིང་ གང་ལྟར་ད་རེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མངའ་སྡེ་ལྔའི་ནང་ཆིབས་བསྒྱུར་མཛད་འཕྲིན་བཀྲིན་བསྐྱངས་གནང་མཛད་ཀྱི་ཡོད་པ་དང་། དེ་དག་ལེགས་གྲུབ་ཟིན་པའི་རྗེས་སུ་ཕྱི་ཟླ་༦་ཚེས་༣༠་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་ཀྱི་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།