༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཕེབས་རྒྱུའི་མཛད་འཆར།
2014.01.29
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རིང་མིན་ཨ་རིའི་རྒྱལ་སར་ཕེབས་ནས་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད་འདུག
དེ་ཡང་National Cathedralཞེས་བའི་ཡེ་ཤུ་ལྷ་ཁང་ནས་གསལ་བསྒྲགས་སྤེལ་བ་ལྟར་ན། རིང་མིན་སྤྱི་ཟླ་༣པའི་ཚེས་༧ཉིན་༧གོང་ས་མཆོག་གིས་ཨ་རིའི་རྒྱལ་སར་ཡོད་པའི་National Cathedralཡེ་ཤུ་ཚོགས་ཁང་དུ་མང་ཚོགས་ལ་བཀའ་སློབ་བཀྲིན་ཆེ་གནང་མཛད་རྒྱུའི་མཛད་འཆར་གཏན་འཁེལ་ཟིན་པ་དང་། དེ་ནི་༧གོང་ས་མཆོག་རྒྱལ་སའི་ནང་གི་སྙན་གྲགས་ཅན་གྱི་National Cathedralཡེ་ཤུ་ལྷ་ཁང་དུ་ཆིབས་བསྒྱུར་བསྐྱངས་བ་ཐེངས་བཞི་པ་ཆགས་ཀྱི་ཡོད་འདུག ད་ཐེངས་མཛད་འཆར་ནང་མགོན་པོ་གང་ཉིད་ནས་བཟང་སྤྱོད་དང་། བདེ་སྐྱིད། བློ་སྟོབས་ལྡན་པའི་མི་ཚེ་ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་གསུང་བཤད་བསྩལ་རྒྱུ་མ་ཟད། ཡེ་ཤུའི་ལྷ་ཁང་གི་བླ་ཆེན་Dean Gary Hall དང་ཞི་བདེ་འཚོལ་ཐབས་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་རྒྱུ་ཡིན་འདུག ཡེ་ཤུའི་ལྷ་ཁང་གི་བླ་ཆེན་Dean Gary Hall མཆོག་ནས་གསུངས་དོན། ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཆིབས་བསྒྱུར་ལ་དགའ་བསུའི་ངང་སྒུག་ཆེན་པོ་གནང་བཞིན་ཡོད། གོང་ས་མཆོག་གི་ཞི་བདེ་དར་སྤེལ་གྱི་བཀའ་སློབ་གསུང་བཤད་དེ་དག་ཆོས་ལུགས་ཀྱི་དབྱེ་བ་མེད་པར་སྐྱེ་བོ་ཚང་མར་ཕན་རླབས་ཤིན་ཏུ་ཆེ་བའི་མཛད་པ་ཡིན་སྐོར་བསྔགས་བརྗོད་གནང་འདུག
མཛད་འཆར་ལྟར་ན། ༧གོང་ས་མཆོག་ཨ་རིའི་རྒྱལ་སའི་ཁུལ་དུ་མ་ཕེབས་གོང་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ཁཱ་ལེ་ཕོར་ནི་ཡར་རྟེན་གཞི་བྱས་པའི་American Himalayan Foundationའམ་ཨ་རི་ཧི་མ་ལ་ཡའི་ཐེབས་རྩས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཕྱི་ཟླ་ ༢ ཚེས་ ༢༢ ནས་༢༥བར་དེ་ཁུལ་མང་ཚོགས་ལ་ཆོས་འབྲེལ་དང་། བཀའ་སློབ་བསྩལ་གནང་མཛད་རྒྱུའི་མཛད་འཆར་དང་། དེ་ནས་ཕྱི་ཟླ་༣པའི་ཚེས་༡ཉིན་ཨ་རིའི་Minnesotaམངའ་སྡེའི་Minneapolis གྲོང་ཁྱེར་རུ་ཆིབས་བསྒྱུར་གྱིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམ་པའི་ལྷན་ཚོགས་ཐེངས་ ༢༦ པའི་ཐོག་བཀའ་སློབ་དང་། ཕྱི་ཚེས་༢ཉིན་ཨ་རིའི་མི་ནི་སོ་ཊའི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་ཐོག་ཁུལ་དེའི་བོད་རིགས་ཚོའི་ལོ་གསར་ཐོག་ཆིབས་བསྒྱུར་བསྐྱང་སྟེ་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།