༧གོང་ས་མཆོག་གིས་ཡེ་ཤུའི་ཆོས་དཔོན་ཊུ་ཊུ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ་པར་འཚམས་འདྲི།
སྤྱི་ནོར་༧གོང་ས་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་ཆོས་དཔོན་ཨརཆ་སྦི་ཤོབ་ཊུ་ཊུ་ལགས་སུ་གོ་ལའི་འགྲོ་བ་མིའི་ཐོབ་ཐང་གཅེས་ནོར་གྱི་གཟེངས་རྟགས་ཐོབ་པར་འཚམས་འདྲི་མཛད་འདུག
འདི་ཚེས་༡༡ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེསི་མོནཌ་ཊུ་ཊུ་(Desmond Tutu)ལགས་སུ། རྒྱལ་སྤྱིའི་ནང་གི་གོ་ལའི་འགྲོ་བ་མིའི་ཐོབ་ཐང་གི་གཅེས་ནོར་གཟེངས་རྟགས་ཐོབ་པར་བརྙན་ལམ་བརྒྱུད་དགའ་བསུའི་འཚམས་འདྲི་མཛད་འདུག
༧གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་གསུང་འཕྲིན་ནང་། བློ་ཆེན་ཌེསི་མོནཌ་ཊུ་ཊུ་མཆོག་ནི་རྒྱུན་རིང་ནས་གུས་བརྩི་དང་ཐུགས་བློས་འགེལ་ཡུལ་གྱི་ཆོས་གྲོགས་ཤིག་དང་། ཆོས་ཕྱོགས་ཀྱི་དབུ་ཁྲིད་བགྲེས་པ་ཞིག་ཀྱང་ཡིན་པ་བཀའ་གནང་སྟེ། ཁོང་ལ་ད་རེས་གོ་ལའི་འགྲོ་བ་མིའི་ཐོབ་ཐང་གི་གཅེས་ནོར་གྱི་གཟེངས་རྟགས་ཐོབ་པ་དང་། དེ་བཞིན་བླ་ཆེན་ཁོང་དགུང་ལོ་༩༠ཕེབས་པའི་དགའ་སྟོན་ལ་དགའ་བསུའི་འཚམས་འདྲི་ཞུ་གནང་མཛད་ཀྱི་ཡོད་པ་བཀའ་གནང་འདུག
གསུང་འཕྲིན་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བླ་ཆེན་ཊུ་ཊུ་མཆོག་གིས་སྐུ་ཚེ་ཧྲིལ་བོར་རང་ལུགས་རྩ་འཛིན་གནང་པའི་ཐོག་སྐྱེ་འགྲོ་ཡོངས་ལ་ཕན་པའི་མཛད་འཁུར་བཞེས་པར་ཐུགས་རངས་བསྔགས་བརྗོད་གནང་ཐོག་ད་དུང་ཁོང་མུ་མཐུད་དུ་ལོ་ངོ་བཅུ་གྲངས་རིང་སྐུ་འཚོ་བཞུགས་ཐོག་འགྲོ་བ་སེམས་ཅན་ཡོང་བ་ཕན་བདེའི་ཞབས་འདེགས་མུ་འཐུད་ཞུ་རྒྱུ་ཡོང་བའི་སྨོན་འདུན་ཞུ་བཞིན་པ་བཀའ་གནང་འདུག
འགྲོ་བ་མིའི་ཐོབ་ཐང་གཅེས་ནོར་གྱི་གཟེངས་རྟགས་ (Human Rights Global Treasure)དེ། ཨ་མི་རི་ཀའི་གྲོང་ཁྱེར་(San Francisco)ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དར་སྤེལ་གྱི་ཚོགས་པ་(Article3.org)ཞེས་པས་ཕུལ་བ་ཡིན་པ་དང་། ལྟེ་གནས་ཁང་དེའི་འགན་འཛིན་དང་གསར་འཛུགས་གནང་མཁན་ལྕམ་(Darian Swig)ལགས་ཀྱིས་སྐུ་ཞབས་ཊུ་ཊུ་(Tutu)མཆོག་ནི། བྱམས་བརྩེ་ལྡན་པའི་ངང་འགྲོ་བ་མིའི་བདེ་དོན་ལ་ཐུགས་ཁུར་ཆེ་བཞེས་ཀྱིས་ཕྱག་ལས་གནང་མཁན་ཞིག་ཡིན་པ་དང་། ད་བར་འགྲོ་བ་མིའི་སྤྱི་ཚོགས་སུ་ཕན་འབྲས་ཆེན་པོ་སོན་ཡོད་པ་སོགས་ལ་ཆེ་བསྟོད་ཞུས་འདུག
ལྷོ་ཨཕྷ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེསི་མོནཌ་ཊུ་ཊུ་མཆོག་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེ་བའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཨརཆ་སྦི་ཤོབ་ཊུ་ཊུ་རྣམ་གཉིས་ཀྱི་མཚན་ཐོག་ནས་ བདེ་སྐྱིད་ཀྱི་དཔེ་དེབ་ཞེས་པ་ཞིག་འདོན་སྤེལ་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་བྱ་དགའ་འབུལ་བཞེས་མཛད་ནས་ལོ་ངོ་ ༣༡ འཁོར་བ་དང་། ཡང་ཨརཆ་སྦི་ཤོབ་ཌེསི་མོནཌ་ཊུ་ཊུ་མཆོག་ལ་ཁོང་གིས་ལྷོ་ཨཕྷ་རི་ཀའི་མི་རིགས་དཀར་ནག་གི་དབྱེ་འབྱེད་འགོག་ཐབས་ཐད་ཀྱི་ཕུལ་བྱུང་ལེགས་སྐྱེས་ལ་ངོས་འཛིན་གྱིས་ཕྱི་ལོ་ ༡༩༨༤ ལོའི་ནེ་སྦེལ་ཞི་བདེའི་བྱ་དགའ་ཕུལ་ཡོད་པ་རེད།