༧གོང་ས་མཆོག་མི་རིང་བར་བྱང་ཨེར་ལེན་ཊིར་ཕེབས་རྒྱུ་རེད།
2017.06.15
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་༩པའི་ནང་བྱང་(Ireland)་གྱི་གྲོང་ཁྱེར་(Londonderry)རུ་རྟེན་གཞི་བྱས་པའི་(Children in Crossfires)ཞེས་དམག་འཁྲུག་ནང་ལྷུང་བའི་ཕྲུ་གུ་ལྟ་སྐྱོང་ཚོགས་པ་གསར་འཛུགས་བྱུང་ནས་ལོ་༢༠འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་འཁོད་གནང་མཛད་རྒྱུ་རེད།
དེ་ཡང་ཚེས་༡༥ཉིན་(Children in Crossfire) ཞེས་པའི་གོང་གསལ་ཕྲུ་གུ་ལྟ་སྐྱོང་ཚོགས་པའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ནོར་༧གོང་ས་མཆོག་རིང་མིན་ཕྱི་ཟླ་༩པའི་ཚེས་༡༠ཉིན་བྱང་(Ireland) གྱི་(Londonderry) གྲོང་ཁྱེར་དུ་ཞབས་སོར་འཁོད་གནང་གིས། དམག་འཁྲུག་ནང་ལྷུང་བའི་ཕྲུ་གུ་ལྟ་སྐྱོང་ཚོགས་པ་གསར་འཛུགས་བྱུང་ནས་ལོ་ངོ་༢༠འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཕེབས་གཏན་འཁེལ་ཡོད་པ་དང་། ༧གོང་ས་མཆོག་གིས་(Compassion in Action)འམ་བྱམས་བརྩེ་ལག་བསྟར་བྱ་ཕྱོགས་ཀྱི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་གསུངས་བཤད་གནང་རྒྱུ་ཡིན་པ་གསལ་འདུག
གོང་གསལ་ཚོགས་པ་གསར་འཛུགས་གནང་མཁན་དང་ཚོགས་པའི་འགན་འཛིན་(Richard Moore) ཞུ་བས་གསུངས་ན། དམག་འཁྲུག་ནང་ལྷུང་བའི་ཕྲུ་གུ་ལྟ་སྐྱོང་ཚོགས་པ་ཚོགས་པ་གསར་འཛུགས་ཀྱི་དུས་དྲན་སྲུང་བརྩིའི་མཛད་སྒོའི་སྟེང་། ཚོགས་པའི་མགོན་སྐྱབས་༧གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་གནང་རྒྱུའི་སྐལ་བཟང་གི་ཞལ་བཞེས་ཐོབ་པ་འདི། ང་ཚོར་ཧ་ཅང་གི་དགའ་ཚོར་ཙམ་དུ་མ་ཟད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ དུས་རྟག་ཏུ་བྱམས་བརྩེ་དང་། བཟོད་བསྲན་ཞི་བདེ་བཅས་ཀྱི་བཀའ་སློབ་ལམ་སྟོན་མཛད་བཞིན་པ་དེ་དག་དམག་འཁྲུག་ནང་ལྷུང་བའི་ཕྲུ་གུ་ལྟ་སྐྱོང་ཚོགས་པའི་རྨང་གཞིའི་རིན་ཐང་ཞིག་ཡིན། ༧གོང་ས་མཆོག་གི་བཀའ་སློབ་ནི་ད་ལྟའི་དུས་སྐབས་འདིར་ཤིན་ཏུ་དགོས་ངེས་ཆེ་བ་ཞིག་ཀྱང་ཡིན་ཞེས་གསུངས་གནང་འདུག
གནས་ཚུལ་ནང་གསལ་ལྟར་ན། (Children in Crossfire)འམ་དམག་འཁྲུག་ནང་ལྷུང་བའི་ཕྲུ་གུ་ལྟ་སྐྱོང་ཚོགས་པ་འདི་བཞིན་སྐུ་ཞབས་Richard Mooreལགས་ཀྱིས། ༡༩༩༦ལོར་གསར་འཛུགས་གནང་ཞིང་། ཚོགས་པ་དེས་རྒྱལ་ཁབ་བཅུ་གྲངས་ལྷག་ནང་དམག་འཁྲུག་གི་རྐྱེན་པས་བདག་མེད་ཕྲུ་གུ་སྟོང་ཚོ་མང་པོར་བཟའ་བཏུང་གི་མཐུན་འགྱུར་རོགས་རམ་མཁོ་སྤྲོད་གནང་བ་དང་། དེ་བཞིན་མིག་མེད་དབང་པོ་སྐྱོན་ཅན་ཕྲུ་གུ་བརྒྱ་ཕྲག་མང་པོ་སྤྱི་ཚོགས་ནང་མཉམ་བསྲེས་ཀྱི་ལས་དོན་རྒྱ་ཆེར་སྒྲུབ་བཞིན་ཡོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།