བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཨ་མི་རི་ཀར་ཕེབས་འཆར་འདུག
2017.02.06
༧གོང་ས་མཆོག་འདི་ལོའི་ཕྱི་ཟླ་དྲུག་པའི་ནང་ཨ་མི་རི་ཀར་ཕེབས་ནས་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་རིན་ཐང་ཐད་བཀའ་སློབ་གནང་འཆར་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་༢༠༡༧་ལོའི་ཨ་མི་རི་ཀའི་ནང་གི་ཆིབས་བསྒྱུར་མཛད་འཕྲིན་ཐེངས་དང་པོ་དེ་བཞིན་ཨ་རིའི་UC San Diego་གཙུག་ལག་སློབ་གྲ་ཆེན་མོའི་ནང་ཕྱི་ཟླ་དྲུག་པའི་ཚེས་༡༦་ཉིན་ཕེབས་ནས་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུའི་མཛད་འཆར་ལ་རྒྱ་ནག་སྐམ་སའི་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོས་ངོ་རྒོལ་བྱས་སྐོར་རྒྱ་ནག་གི་གོ་ལའི་དུས་བབ་ཞེས་བའི་གསར་ཁང་གིས་གནས་ཚུལ་སྤེལ་འདུག
འོན་ཀྱང་ཨ་རིའིUC San Diego་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་Khosla་མཆོག་གིས་འདི་ཟླའི་ཚེས་༤ཉིན་གསལ་བསྒྲགས་ཤིག་གནང་དོན་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཨ་རིའི་ནུབ་ཕྱོགས་མངའ་སྡེའི་UC San Diegoནང་གི་གཙུག་ལག་སློབ་གྲ་ཆེན་མོའི་ནང་ཕྱི་ཟླ་དྲུག་པའི་ཚེས་༡༦་ཉིན་ཕེབས་ནས་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་དང་། དེ་ནས་ཕྱི་ཚེས་༡༧་ཉིན་གཙུག་ལག་སློབ་གྲ་ཆེན་མོ་དེའི་སློབ་ཐོན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་གནང་སྟེ་བཀའ་སློབ་སྩལ་འཆར་འདུག
གཙུག་ལག་སློབ་གྲ་ཆེན་མོ་དེའི་ཉེ་བའི་རིག་བདག་Pradeep Khosala་མཆོག་གིས་སློབ་གྲ་ཆེན་མོ་དེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་འདྲེན་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པ་དང་། མགོན་པོ་གང་ཉིད་ནས་གཙུག་ལག་སློབ་གྲ་ཆེན་མོ་དེའི་བསླབ་པ་མཐར་སོན་པའི་སློབ་ཕྲུག་རྣམས་དང་། ཁོང་ཚོའི་ནང་མི། དེ་བཞིན་མང་ཚོགས་རྣམས་ལ་བྱམས་དང་སྙིང་རྗེའི་སྐོར་བཀའ་སློབ་སྩལ་རྒྱུའི་ཞལ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཅེས་དང་། ༧གོང་ས་མཆོག་ནི་ཀུན་ཁྱབ་འགན་འཁུར་དར་འཕེལ་མཛད་མཁན་ཞི་བདེའི་དེད་དཔོན་ཞིག་དང་། འགྲོ་བ་མིའི་རིགས་ལ་ཞབས་འདེགས་ཞུ་མཁན་ཞིག་ཡིན་སྟབས་དེ་དག་སློབ་ཕྲུག་ཚོར་བརྒྱུད་བསྒྲགས་ཞུ་རྒྱུ་དང་ཁོང་ཚོར་འགན་དེ་བསྐུར་རྒྱུ་ཡིན་སྐོར་གསུངས་འདུག
༧གོང་ས་མཆོག་UC San Diego་གཙུག་ལག་སློབ་གྲ་ཆེན་མོའི་ནང་གི་ཆིབས་བསྒྱུར་མཛད་འཕྲིན་དེ་ནི་ཏཱ་ལའི་བླ་མའི་གྲོགས་པོའི་ཐེབས་རྩ་ཞེས་པ་དང་། གཙུག་ལག་སློབ་གྲ་ཆེན་མོ་དེ་གཉིས་ཟུང་འབྲེལ་སྒོ་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། ཐེབས་རྩ་ཁང་དེ་ནི་བསྟན་འཛིན་དོན་ལྡན་ལགས་ཀྱིས་གསར་འཛུགས་གནང་བ་ཞིག་ཡིན་པ་རེད། ཁོང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་༧གོང་ས་མཆོག་San Diegoའི་གྲོང་ཁྱེར་ནང་ཆིབས་བསྒྱུར་བསྐྱངས་གནང་གིས་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་རིན་ཐང་སྐོར་སློབ་ཕྲུག་ཚོར་བཀའ་སློབ་སྩལ་གནང་རྒྱུ་ཡིན་ལུགས་བཀོད་འདུག།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།