༧གོང་ས་མཆོག་གིས་བཟང་སྤྱོད་ཀྱི་རྣམ་གཞག་ཐོག་བཀའ་སློབ་གནང་རྒྱུ།
2014.12.19

༧གོང་ས་མཆོག་གིས་རྒྱ་གར་ཀ་ཎ་ཌ་ཀ་མངའ་སྡེ་ནང་གི་ཊུམ་ཀུར་མཐོ་རིམ་སློབ་གྲྭར་དེང་དུས་ཀྱི་བཟང་སྤྱོད་ཀྱི་རྣམ་གཞག་ཐོག་བཀའ་སློབ་གནང་རྒྱུ་ཡིན་འདུག
དེ་ཡང་དབུས་བོད་མིའི་སྒྲིགས་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་བྷང་ལོར་ཉེ་འཁྲིས་སུ་ཡོད་པའི་ཊུམ་ཀུར་མཐོ་རིམ་སློབ་གྲྭའི་ནང་དུ་རེས་གཟའ་ཉི་མ་ཕྱི་ཚེས་༢༡་ཉིན་ཞབས་སོར་འཁོད་རྒྱུ་ཡིན་པ་དང་། ཉིན་དེར་མཐོ་རིམ་སློབ་གྲའི་དགེ་སློབ་ཡོངས་ལ་སྟོང་ལོ་གསར་པའི་བཟང་སྤྱོད་ཀྱི་རྣམ་གཞག་སྐོར་གསུངས་བཤད་ལམ་སྟོན་གནང་རྒྱུ་ཡིན་པ་རེད་འདུག ཐེངས་འདིའི་མཛད་རིམ་དེ་ཊུམ་ཀུར་མཐོ་རིམ་སློབ་གྲ་དང་། རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་རུ་གནས་པའི་སེ་ར་ཆོས་སྒར་གྱི་སེར་སྨད་ཁང་ཚན་གཉིས་ཀྱིས་གོ་བསྒྲིག་གནང་བ་ཞིག་ཡིན་པ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཐོ་རིམ་སློབ་གྲ་དེ་གའི་ནང་ཆིབས་བསྒྱུར་ཐེངས་གཉིས་པ་ཡིན་ཅིང་། ཕྱི་ལོ་༢༠༡༢་ལོར་ཁོང་མཐོ་རིམ་སློབ་གྲ་དེ་གའི་ནང་ཐེངས་དང་པོ་ཞབས་སོར་འཁོད་པའི་སྐབས་༧གོང་ས་མཆོག་གིས་རྩ་རླུང་སྒོམ་སྦྱོང་གི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་དབུ་འབྱེད་གནང་ཡོད་པ་དང་། མཐོ་རིམ་སློབ་གྲ་དེ་ཉིད་ཀྱི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཁས་པའི་ངང་ཚུལ་དང་འགྲོ་བ་མིའི་བདེ་དོན་ཆེད་དུ་ཞབས་འདེབས་མཛད་པ་ངོ་འཛིན་མཚོན་བྱེད་དུ་ཆེས་བསྟོད་ཀྱི་མཁས་དབང་སློབ་དཔོན་གྱི་མཚན་གནས་ཕུལ་ཡོད་པ་རེད་འདུག དེ་ནས་༧གོང་ས་མཆོག་བྷེང་ལོར་གྲོང་ཁྱེར་ནས་སྤྱི་ལེ་༢༠༠་ཙམ་གྱི་སར་ཡོད་པའི་རྡ་ཝན་རྒི་རི་གྲོང་ཁྱེར་དུ་ཞབས་སོར་འཁོད་རྗེས་ཕྱི་ཚེས་༢༣ ནས་༢༨ བར་མོན་གྷོར་ཆིབས་སྒྱུར་བསྐྱངས་ནས་ལམ་རིམ་བཀའ་ཆོས་འཕྲོ་སྐྱོང་མཛད་རྒྱུ་དང་ཕྱི་ཚེས་༣༠ཉིན་ཁུལ་དེ་ནས་པུ་ན་གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱངས་རྒྱུ་ཡིན་འདུག
གསར་འགོད་པ་ཀརྨ་རྡོ་རྗེ།