རྒྱ་ནག་དང་ཁ་བྲལ་རྩོད་གནང་གི་མེད། ༧གོང་ས་མཆོག་གིས།
2019.03.27
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་དང་ཁ་བྲལ་རྩོད་གནང་གི་མེད་པ་སིངྒ་པུར་ནས་བཅར་བའི་མཇལ་ཁ་བ་ཁག་གཅིག་ལ་བཀའ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་སིང་གྷ་པུར་ནས་གཞོན་སྐྱེས་གཙོ་བོར་གྱུར་བའི་མི་གྲངས་༨༥་ཙམ་ལ་ཕྱི་ཟླ་ ༣ ཚེས་ ༢༧ ཉིན་མཇལ་ཁ་དང་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་སྐབས། ༧གོང་ས་མཆོག་གི་སྐུ་ཚེ་ཧྲིལ་པོ་སྐུ་ངལ་དུ་མ་ཞིག་གི་ཐོག་ནས་བསྐྱོད་གནང་ཡོད་པ་བཀའ་གནང་པ་དང་། འོན་ཀྱང་༧སྐུ་གཞོན་ནུའི་དུས་ནས་ནང་བསམ་བློའི་བཅོས་སྒྱུར་དང་འབྲེལ་བའི་སེམས་འདུལ་ཐབས་ཐད་བསླབ་པ་སློབ་གཉེར་གནང་པ་དང་། ཡང་སྐུ་ཚེའི་ནང་གི་ཐུགས་མྱོང་དུ་མ་ལ་བརྟེན་ནས་ཕྱོགས་ཡངས་ཀྱི་གནས་ཚུལ་ལ་གཟིགས་ཐུབ་པ་དེས་གནས་སྟངས་ཇི་འདྲ་ཞིག་བྱུང་ཡང་ཐུགས་བག་ཕེབས་ངང་ཞུགས་ཐུབ་པ་འབྱུང་གི་ཡོད་པ་བཀའ་གནང་ཡོད་པ་རེད།
ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་འགོ་ཚུགས་ཙམ་ཡིན་སྟབས། གཞོན་སྐྱེས་མི་རབས་ཚོས་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ཐོག་ནས་བྱམས་བརྩེ་དང་གཞན་ཕན་བསམ་བློ་སྐྱེ་སྲིང་བྱེད་ཚེ་མི་རབས་གཅིག་གམ་ལོ་ངོ་བཅུ་ཕྲག་འགའ་ཤས་ནང་མིའི་བདེ་སྐྱིད་ལྡན་པའི་མིའི་སྤྱི་ཚོགས་ཤིག་ཡོང་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད་པ་བཀའ་གནང་ཡོད་པ་རེད།
སིངྒ་པུར་ནས་ཆེད་དུ་བཅར་བའི་མི་གྲངས་ ༨༥ དེའི་ཁོངས་སུ་སིངྒ་པུར་གྱི་མི་རིགས་དང་། ཨ་རི་བ་། ཨའོསྀ་ཊརེ་ལི་ཡ་དང་། དབྱིན་ཇི། རྒྱ་གར། ཀེ་ན་ཌ། རྒྱ་མི། ཧྥརནསྀ དང་སུད་སི་སོགས་ཡུལ་གྲུ་འདྲ་མིན་གྱི་མི་སྣ་ཡོད་འདུག་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་ད་ལྟའི་དཀའ་རྙོག་སེལ་རྒྱུར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་རྩོད་གནང་གི་མེད་པ་གསལ་བཤད་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་ནག་དང་བོད་གཉིས་ལོ་རྒྱུས་ཀྱི་ཐོག་ནས་མི་འདྲ་བ་ཡིན་ནའང་རྒྱ་ནག་གིས་བོད་ཀྱི་རིག་གཞུང་ལ་གུས་བརྩི་ཡོད་པའི་ཐོག ང་ཚོ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་གནས་རྒྱུར་འདུན་པ་དང་ཆོད་སེམས་བརྟན་པོ་ཡོད་ཅེས་བཀའ་གནང་བ་དང་། ཡང་༧གོང་ས་མཆོག་ནས་ཁོང་གི་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་རྩིས་སྤྲོད་གནང་ཟིན་ནའང་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབས་བཅས་ཀྱི་ཐོག་དོ་ཁུར་ཐུགས་འགན་བཞེས་ཀྱི་ཡོད་པ་དང་། བོད་ས་མཐོ་ནི་རྒྱ་ནག་གི་ཚན་རིག་པ་ཚོ་ཚུན་ཆད་ཀྱིས། འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་གྱིས་ཧ་ཅང་གལ་གནད་ཅན་དུ་གྱུར་ཡོད་པ་དང་། ཉེ་ཆར་རྒྱ་ནག་གི་སྲིད་བློན་ལི་ཁི་ཆང་བོད་ནང་བསྐྱོད་དེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབས་གལ་ཆེན་དུ་གསུང་བ་ནི་ཧ་ཅང་ཡག་པོ་རེད་ཅེས་བཀའ་གནང་འདུག