༧གོང་ས་མཆོག་གི་དབུ་མ་འཇུག་པའི་གསུང་ཆོས་འཕྲོ་སྐྱོང་ལ་ཆོས་ཞུ་བ་སྟོང་ཕྲག་མང་པོ་འདུ་འཛོམས།


2018.10.03
༧གོང་ས་མཆོག་གིས་གསུངས་ཆོས་དབུ་འཛུགས་སྐབས། ༢༠༡༨།༡༠།༣ ༧གོང་ས་མཆོག་གིས་གསུངས་ཆོས་དབུ་འཛུགས་སྐབས། ༢༠༡༨།༡༠།༣
RFA

བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་ཡིན་བསམ་ན་སློབ་སྦྱོང་བྱེད་དགོས་པ་རེད་ཅེས་༧གོང་ས་མཆོག་གིས་ཐེ་ཝན་གྱི་གསུང་ཆོས་སྐབས་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡༠ ཚེས་ ༣ ནས་དབུ་འཛུགས་ཀྱིས་ཐེ་ཝན་ནས་ཆེད་བཅར་ཞུས་པའི་དད་ལྡན་པ་དགུ་བརྒྱ་ལྷག་གཙོ་བོར་གྱུར་བའི་དད་ལྡན་བདུན་སྟོང་ཙམ་ལ་རྒྱ་གར་མཁས་པ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པ་དབུ་མ་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་དབུ་མ་འཇུག་པའི་སྒོ་ནས་ཆོས་འགྲེལ་ཉིན་གྲངས་བཞིའི་རིང་གནང་རྒྱུ་ཡིན་པ་རེད།
བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་བར་འཛམ་གླིང་ཡུལ་ཁག་ ༦༧ ཙམ་ནས་ཡོད་འདུག་ཅིང་།  དེའི་ཁོངས་སུ་རྒྱ་ནག་སྐམ་ས་ཆེན་པོ་ནས་རྒྱ་རིགས་ ༤༩ ཙམ་ཡང་ཡོད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་ནས་བཅར་བའི་བསྟན་འཛིན་བྱམས་ཆེན་ཆོས་ཚོགས་ཀྱི་དགེ་འདུན་པ་ཚོ་གཙོ་བོར་གྱུར་བའི་ཐེ་ཝན་ཆོས་བརྒྱུད་རྗེས་འབྲངས་པའི་ཆོས་གྲོགས་རྣམས་དང་། གཞན་ཡང་འཕགས་པ་གནས་རྟེན་སྡེ་པའི་ལུགས་འཛིན་པའི་དགེ་སློང་ལ་སོགས་པ་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཆོས་དོན་གཉེར་གྱིས་ཕེབས་པའི་མི་མང་དེ་ཚོར་དགའ་བསུ་མཚམས་འདྲི་གནང་ཞིང་།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ངོ་སྤྲོད་གནང་སྐབས།  ནང་ཆོས་ངོ་འཕྲོད་དེ་ཤེས་ནས་དད་པ་ཐོབ་པ་ཅིག་བྱུང་བ་ཡིན་ན། གཞི་ནས་ཆོས་ཉམས་ལེན་བྱེད་སྟངས་སྐོར་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་ཆགས་རྒྱུ་ཡིན་པ་བཀའ་གནང་པ་དང་།  ནང་པ་སངས་རྒྱས་པའི་ཁྱད་ཆོས་གཙོ་བོ་ནི་ནང་སེམས་བརྒྱུད་འདུལ་ཐབས་ཀྱི་རིམ་པ་དེ་དག་ཡིན་ཞིང་།  དེ་ཡང་ཐོས་བསམ་སྒོམས་གསུམ་ཡ་མ་བྲལ་བའི་ཉམས་ལེན་དང་དཀའ་ལས་བརྒྱབ་ནས་ཡོང་དགོས་པ་བཀའ་གནང་ཞིང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་སེམས་བརྒྱུད་ཀྱི་ཉོན་མོངས་དེ་དག་ཆུས་འཕྲུ་བའམ། སངས་རྒྱས་ཀྱི་ཐུགས་བརྒྱུད་ཀྱི་ཡོན་ཏན་དེ་དག་ང་ཚོའི་ཐོག་སྤོ་བ་སོགས་མེད་སྟབས། གཙོ་བོ་བྱམས་སྙིང་རྗེ་བྱམས་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་ལེན་བྱེད་པའི་ཐོག་ནས་འཁོར་བའི་རྩ་བ་བདེན་འཛིན་མ་རིག་པ་དེ་དག་མེད་པ་བཟོ་ཐབས་དེ་ཡིན་པ་བཀའ་གནང་ཡོད་པ་རེད།
ད་དུང་༧གོང་ས་མཆོག་གིས། ང་ཚོ་སྡུག་བསྔལ་མི་འདོད་པ་ཅིག་ཡིན་ཕྱིན་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་མ་བཏང་བར་ཐབས་ཤེས་མེད་ཅིང་།  ཡང་དེ་ཡོང་གི་མ་རེད་ཅེས་ཞུམ་པའི་ལེ་ལོ་རྩ་བ་ནས་བྱེད་རྒྱུ་མེད་པར། ང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཡིན་པ་དང་། བཅོམ་ལྡན་འདས་ཀྱི་གསུང་ལ་ངས་སློབ་སྦྱོང་དང་ཉམས་ལེན་མ་བྱས་ན་ག་འདྲ་ཞིག་ཡོང་གི་རེད། བཅོམ་ལྡན་འདས་ཀྱི་གསུང་ཉམས་ལེན་ཡོང་བར་ཤེས་དགོས་པ་དང་། ཉམས་མྱོང་ཡོང་བར་སྒོམ་ནས་ཡོང་དགོས་པ། སྒོམ་ཡོང་བར་ཡིད་ཆེས་དགོས་པ་དང་ཡིད་ཆེས་ཡོང་བར་བསམ་བྱུང་གི་ངེས་པ་ཐོབ་པ་ཅིག་དགོས་པ་རེད། བསམ་བྱུང་གི་ངེས་པ་ཐོབ་པ་ཡོང་བར། ཐོས་བྱུང་གི་ཤེས་རབ་ཀྱི་གོ་བ་ཆགས་པ་ཅིག་དགོས་པས། བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཡིན་བསམ་པ་ཅིག་ཡོད་ན། སློབ་སྦྱོང་བྱེད་དགོས་པ་རེད་ཅེས་བཀའ་སྩལ་སོང་།
ཡང་གསུང་ཆོས་གོ་སྒྲིག་པ་ཐེ་ཝན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཧུའུ་ཡེ་ལེན་གྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྤྱིར་རྒྱ་བརྒྱུད་ནང་བསྟན་དེ་ཟབ་ཅིང་རྒྱ་ཆེ་བ་ཅིག་ཡོད་ནའང་། དེ་ལས་ཀྱང་ནང་ཆོས་གཏིང་ཟབ་པ་ཞིག་ཤེས་འདོད་ན། བོད་བརྒྱུད་ནང་བསྟན་ལ་མི་བརྟེན་རང་བརྟེན་ཡིན་པས། རྒྱ་རིགས་ཚོར་གསུང་ཆོས་འདི་གོ་སྒྲིག་གནང་པ་ཡིན་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
ད་ལན་ཐེ་ཝན་གྱི་ཆོས་ཞུ་བ་ཚོའི་ཁྲོད་ནང་བའི་དགེ་སློང་ཕ་མ་དང་། ཤེས་ཡོན་ཅན་གྱི་མི་སྣ། དགེ་རྒན་དང་སྤྱི་ཚོགས་ཀྱི་མི་མང་སྣ་ཚོགས་ཤིག་ཕེབས་ཡོད་པ་དང་། གསུང་ཆོས་ཐད་ཀར་དགའ་ལྡན་ཕོ་བྲང་གི་དྲ་རྒྱ་www.dalailama.com ཐོག་རྒྱ་སྐད་དང་དེ་བཞིན་དབྱིན་ཇི། ཉི་ཧོང་། ཀོ་རི་ཡ། ཝི་ཏི་ནམ། ཧིན་རྡུ། ཨུ་རུ་སུ། འཇར་མན་སོགས་ཀྱི་སྐད་རིགས་ནང་ཐད་གཏོང་གནང་བཞིན་ཡོད་པ་རེད།

གསར་འགོད་པ་བློ་བྷེ། སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎